བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་ཀླུ་ཚང་རྒྱ་རིགས་ཐར་གཉིས་
སྦིར་བོད་ཚོགས་སུ་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་
ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་སྤྲད་དུ་ཕྱིན་པའི་ལས་བསྡོམས།
ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦
ནས་ ༢༢ བར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦
སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་རྡ་ས་ནས་ཐོན་ཞིང་སྦིར་ཉེ་འགྲམ་དུ་འབྱོར་སྐབས་སྦིར་གཞིས་ཁག་གསུམ་གྱི་ས་འཐུས་ཚོགས་གཙོ་གསུམ་དང་།
སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་བཅས་ནས་བསུ་མ་བྱུང་།
ཕྱི་དྲོ་ཟབ་སྦྱོང་གོ་སྒྲིག་པ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚེ་རིང་འགྱུར་མེད་དང་།
སྐལ་བཟང་གཡུ་སྒྲོན་གཉིས་ཀྱི་འགན་ཁུར་འོག་སྦིར་བོད་ཚོགས་གནད་ཡོད་མི་སྣ་རྣམས་མཉམ་རུབ་ཀྱིས་གོ་སྒྲིག་བྱས་པའི་ཟབ་སྦྱོང་སྤྲད་ཡུལ་ཚོགས་ཁང་དུ་བལྟ་སྐོར་དང་།
ཁ་ལག་གོ་སྒྲིག་བྱ་ཕྱོགས། ཕྱོགས་མཐའ་ཁག་ནས་ཡོང་མཁན་རྣམས་སྡོད་གནས་བཅས་སུ་རྒྱུས་ལོན་གྱིས་ལམ་སྟོན་དང་གསལ་བཤད་དགོས་རིགས་བྱས།
ཕྱི་ཟླ་
༥ ཚེས་ ༡༧
སྔ་དྲོ་སྦིར་གཞིས་ཁག་གསུམ་དང་ཌལ་ཧོར། མན་ཌི་བཅས་ཀྱི་ས་འཐུས་ཚོགས་མི་རྣམས་དང་།
སྦིར་བོད་ཚོགས། སྦིར་ཅོན་ཏ་ར་ནང་ཆེན། ཌལ་ཧོར་བཅས་ཀྱི་ས་གནས་འགོ་འཛིན། མཚོ་པདྨའི་འབྲེལ་མཐུད་པ། ལི་ལི་གྲོང་སྡེའི་འཐུས་མི་བཅས་ཚང་འཛོམས་ཐོག་སྤྱི་འཐུས་གཉིས་ནས་༸གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་ཕུལ་ཞིང་།
སྣང་གསལ་མར་མེ་ཞལ་འབྱེད། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ། སྦིར་བོད་ཚོགས་ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་ནས་འཚམས་འདྲིའི་གསུང་བཤད།
སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་།
ཚོགས་དྲུང་ལས་ཁུངས་ངོ་སྤྲོད། སྤྱི་འཐུས་རྒྱ་རིགས་ཐར་གྱིས་སྐབས་བབ་ཀྱི་ལས་དོན་དང་འབྲེལ་བའི་གཏམ་བཤད།
སྦིར་བོད་ཚོགས་ས་འཐུས་ཚོགས་གཙོ་དར་རྒྱས་ལགས་ནས་ཐུགས་རྗེ་ཆེ་ཞུས་པ་བཅས་ཀྱིས་དབུ་འབྱེད་མཛད་སྒོ་ཚུགས།
དེ་རྗེས་ཚོགས་ཐེངས་གསུམ་རིང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་འབྲེལ་ནས་ས་འཐུས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སྐོར་ལ་ཟབ་ཁྲིད་བྱས།
ཕྱི་ཟླ་
༥ ཚེས་ ༡༨
ཉིན་ལི་ལི་གྲོང་སྡེ་ཕུད་སྔ་ཉིན་གྱི་ཚོགས་མི་རྣམ་པའི་ཐོག་ཀུ་ལུའི་ས་འཐུས་ཁག་ཅིག་དང་ས་གནས་འགོ་འཛིན་བཅས་འཕར་སྣོན་ཐོག་སྔ་དྲོ་ཚོགས་ཐེངས་གཅིག་རིང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་མུ་མཐུད་ཟབ་ཁྲིད།
ཚོགས་ཐེངས་གཉིས་རིང་སྤྱི་འཐུས་རྒྱ་རིགས་ཐར་གྱིས་སྔོན་རྩིས་དང་འབྲེལ་བའི་ཁྱད་ཚིག་ཟུར་འདོན་ཁག་ཅིག་གི་འགྲེལ་བཤད་དང་།
སྔོན་རྩིས་རྩིས་འགོ་ཁག་གི་འགྲེལ་བརྗོད།
བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས།
དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་སོགས་རྩིས་དང་འབྲེལ་བའི་ཟབ་ཁྲིད།
ཚོགས་ཐེངས་གཅིག་རིང་ཚོགས་ཞུགས་པ་རྣམས་ཀྱི་དྲི་བར་སྤྱི་འཐུས་གཉིས་ནས་ལན་འདེབས་གསལ་བཤད།
སང་ཉིན་གྱི་ཡིག་ཆ་ཁག་བཟོ་ཕྱོགས་ཀྱི་ལམ་སྟོན།
ཚོགས་དཔག་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་བཅས་བྱས།
ཕྱི་ཟླ་
༥ ཚེས་ ༡༩
ཉིན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་ཆུ་ཚོད་གཅིག་ཙམ་རིང་སླར་ཡང་དམར་ཁྲིད་ཟབ་སྦྱོང་གི་ཡིག་ཆ་ཁག་བཟོ་ཕྱོགས་ཀྱི་ལམ་སྟོན་རེ་རེ་བཞིན་ཞུས་པ་དང་།
དེ་རྗེས་ས་འཐུས་དང་ས་གནས་འགོ་འཛིན་རྣམས་ལ་ཡིག་ཆ་ཁག་བཟོ་བཅུག
སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ནས་དམར་ཁྲིད་ཉིན་གཉིས་ཀྱི་ལས་རིམ་འཆར་སྒྲིག་དང་བཟོས་ཟིན་པའི་ཡིག་ཆ་ཁག་ལ་ཞུ་དག
སྤྱི་འཐུས་རྒྱ་རིགས་ཐར་ནས་ཁྲིམས་ཡིག་འཆར་ཟིན་གསར་བཟོར་རོགས་འདེགས་བཅས་བྱས་ཏེ།
དམར་ཁྲིད་ལས་རིམ་ཉིན་གཉིས་ཀྱི་ཆེད། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་བསྐོ་གཞག་གི་ཡི་གེ། སྦིར་བོད་ཚོགས་དང་། སྦིར་ཅོན་ཏ་ར་ནང་ཆེན། ཀུ་ལུ། ཌལ་ཧོར་བཅས་ཀྱི་ས་གནས་འགོ་འཛིན་རྣམས་ལ་སྐར་རྟགས་ཅན་གྱི་དྲི་བ་རེ་རེ་དང་།
ཐུགས་སྣང་གཞེན་བསྐུལ་རེ་རེ། མཚོ་པདྨའི་འབྲེལ་མཐུད་པར་ཐུགས་སྣང་གཞེན་བསྐུལ་གཅིག
སྦིར་བོད་ཚོགས་ས་གནས་འགོ་འཛིན་གྱི་རྩིས་ལོ་
༢༠༡༧༌༌༌༡༨ ལོའི་ལས་བསྡོམས་སྙིང་བསྡུས་དང་དེར་བགྲོ་གླེང་དགོས་པའི་གྲོས་འཆར།
བོད་ནང་གི་ཛ་དྲག་གནས་གནས་སྟངས་སྐོར་དང་།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡར་རྒྱས་གཏོང་ཕྱོགས་དང་རྒྱ་གར་གཞུང་མང་ལ་འབྲེལ་བ་གནང་ཕྱོགས།
ས་གནས་འཐུས་ཚོགས་ཁག་སྲ་བརྟན་དང་ཚགས་ཚུད་ཡོང་ཐབས་བཅས་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་གསུམ།
ཌལ་ཧོར་ས་གནས་འཐུས་མིའི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སྐོར་དོན་ཚན་
༤༣ ཅན་གྱི་ཁྲིམས་ཡིག་འཆར་ཟིན། སྦིར་ཅོན་ཏ་ར་ནང་ཆེན་ས་གནས་འགོ་འཛིན་མཆོག་གི་རྩིས་ལོ་
༢༠༡༨༌༌༌༡༩ ལོའི་སྔོན་རྩིས་གསུང་བཤད་དང་། ཚོགས་དཔག་ཚོགས་ཆུང་གི་སྙན་ཐོ། སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར།
སྤར་ཆའི་གྲོས་འཆར། གོང་གསལ་སྔོན་རྩིས་གྱི་གཏོང་ལེན་ཁྲིམས་ཡིག་བཅས་བཟོ་འགོད་དང་། ཚོགས་དྲུང་ལས་བྱེད་གཉིས་དང་སྦིར་བོད་ཚོགས་ས་འགོའི་ལས་དྲུང་བཅས་ནས་པར་སློག་བསྐྱོན་པ་སོགས་འཐུས་གཙང་བྱས།
ཕྱི་ཟླ་
༥ ཚེས་ ༢༠
ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ པ་ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ བར་དམར་ཁྲིད་ཟབ་སྦྱོང་དངོས་སུ་ཚུགས་ཏེ་ལས་རིམ་འཆར་སྒྲིག་ལྟར་ཚོགས་ཐེངས་བཞིའི་རིང་།
ཐོག་མར་སྦིར་བོད་ཚོགས་ས་འཐུས་ཚོགས་གཙོ་དར་རྒྱས་དང་།
ཌལ་ཧོར་ས་འཐུས་ཚོགས་གཙོ་ཕུར་བུ་དགྲ་འདུལ།
སྦིར་ཅོན་ཏ་ར་ནང་ཆེན་ས་འཐུས་ཚོགས་གཙོ་པདྨ་འཇིགས་མེད།
སྦིར་སྡེ་དགེའི་ས་འཐུས་ཚོགས་གཙོ་ཚེ་རིང་རྡོ་རྗེ་བཅས་ལ་ཚོགས་གཙོ་བྱ་བཅུག་སྟེ་ཚོགས་གཙོ་སོ་སོའི་སྟངས་འཛིན་བྱེད་ཕྱོགས་དང་།
ཚོགས་མི་རྣམས་ཀྱི་ཆ་ཤས་ལེན་སྟངས། སྒྲིག་གཞི་དང་སྲོལ་ལུགས་སོགས་དང་མཐུན་མིན་སོགས་བྱུང་རིགས་ལ་སྤྱི་འཐུས་གཉིས་ནས་ཐ་ཚིག་དང་།
གསལ་བཤད། ལམ་སྟོན། ཚོགས་མི་རྣམས་ལ་ལས་རིམ་རྣམ་བཞག་བཏོན་བཅུག་པ་སོགས་ཀྱི་དམར་ཁྲིད་བྱས།
དགོང་དྲོ་སྦིར་སྡེ་ནང་བོད་ཁམས་ཚོགས་པའི་དབུ་འཛིན་རྣམ་གཉིས་དང་ས་འཐུས་ཚོགས་གཙོ་གཉིས་བཅས་ཆེད་བཅར་གྱིས་སྤྱི་འཐུས་གཉིས་ལ་དམིགས་བསལ་དགོང་ཚིགས་འདེགས་འབུལ་བྱུང་།
མཚན་མོ་སྤྱི་འཐུས་རྒྱ་རིགས་ཐར་ནང་མིའི་ཛ་དྲག་གནས་སྟངས་ལ་བརྟེན་ནས་རྡ་སར་འགྲོ་དགོས་བྱུང་སྟེ་ཆུ་ཚོད་
༡༡།༠༠ ཐོག་རྡ་སར་འབྱོར།
ཕྱི་ཟླ་
༥ ཚེས་ ༢༡
ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༣།༡༥ བར་དམར་ཁྲིད་ཟབ་སྦྱོང་ཚུགས་ཏེ་ལས་རིམ་འཆར་སྒྲིག་ལྟར་ཚོགས་ཐེངས་གསུམ་གྱི་རིང་རིམ་བཞིན་མན་ཌི་ས་འཐུས་ཚོགས་གཙོ་ངག་དབང་དོན་གྲུབ་དང་།
ཀུ་ལུ་ས་འཐུས་ཚོགས་ཟུར་སྤུ་ཧྲེང་དཔལ་འབྱོར།
སྦིར་ཅོན་ཏ་ར་ནང་ཆེན་ས་འཐུས་ཡེ་ཤེས་ཆོས་སྒྲོན།
སྦིར་ཅོན་ཏ་ར་ས་འཐུས་ཚོགས་ཟུར་ཚེ་རིང་།
མཇུག་བསྡོམས་གཏམ་བཤད་སྐབས་སྦིར་བོད་ཚོགས་ས་འཐུས་ཚོགས་གཙོ་དར་རྒྱས་བཅས་ལ་ཚོགས་གཙོ་བྱ་བཅུག་སྟེ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་སྔ་ཉིན་བཞིན་དམར་ཁྲིད་བྱས།
ཕྱི་དྲོ་ཆུ་ཚོད་ ༣།༤༥ ནས་མཇུག་བསྡོམས་མཛད་སྒོའི་ཐོག་ཆུ་ཚོད་ཕྱེད་རིང་ཚོགས་ཞུགས་པ་རྣམས་ལ་ཟབ་སྦྱོང་དང་འབྲེལ་བའི་བསམ་འཆར་བཤད་རྒྱུའི་གོ་སྐབས་སྤྲད།
སྦིར་བོད་ཚོགས་ས་འཐུས་ཚོགས་གཙོ་ལགས་ནས་ཟབ་སྦྱོང་གི་དགེ་ཕན་སོགས་དང་འབྲེལ་བའི་གཏམ་བཤད།
སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་ཟབ་སྦྱོང་མཇུག་བསྡོམས་གྱི་གཏམ་བཤད།
སྦིར་བོད་ཚོགས་ས་གནས་འགོ་འཛིན་ལགས་ནས་ཐུགས་རྗེ་ཆེ་ཞུས་པ་བཅས་ཀྱི་ཟབ་སྦྱོང་གྲུབ་པར་བྱས།
དགོང་མོ་ཆུ་ཚོད་
༧།༠༠ ཐོག་ཟབ་ཁྲིད་པ་དང་ཕྱོགས་བཞུགས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས།
ཟབ་སྦྱོང་བ་རྣམས། སྦིར་སྡེ་ནང་གསུམ་ནང་ཡོད་དགོན་སྡེ་དང་།
བཟོ་ཚོགས། སློབ་གྲྭ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་ཀྱི་འགན་ཁུར་བ་རྣམས་ལ་དགོང་ཚིགས་རྒྱས་འབུལ་ཞུས།
ཕྱི་ཚེས་
༢༢ གུང་ཡོལ་དགེ་བཤེས་སྨོན་ལམ་མཐར་ཕྱིན་སྦིར་ནས་ཐོན་ཞིང་ཕྱི་དྲོ་ཆུ་ཚོད་
༥།༠༠ པ་ཙམ་ཐོག་གངས་སྐྱིད་སྤྱི་འཐུས་ལས་ཤག་ཏུ་འབྱོར།
ཚོགས་དྲུང་ལས་བྱེད་གཉིས་རྩིས་ཁྲ་སོགས་མཇུག་བསྡོམས་གྲུབ་རྗེས་ཕྱི་ཚེས་
༢༣ ཉིན་གངས་སྐྱིད་དུ་འབྱོར།
ཟབ་སྦྱོང་རིང་ཚོགས་ཁང་དང་གསོལ་ཚིགས་སོགས་ཧ་ཅང་གྲ་འགྲིག་ཅིང་འཐུས་ཚང་པོ།
དགོས་མཁོ་ཁག་དུས་ཐོག་ཚང་ལ་མ་ནོར་བའི་འགན་ཁུར་མཁན་སྦིར་བོད་ཚོགས་འཛིན་སྐྱོང་ཚོགས་གཙོ་མཆོག་དང་།
ས་འཐུས་ཚོགས་ཟུར་ནམ་ལངས་རྡོ་རྗེ། སྦིར་བོད་ཚོགས་ས་གནས་འགོ་འཛིན་ལས་ཁང་། སྦིར་བོད་ཚོགས། ས་གནས་གཞོན་ནུ་དང་བུད་མེད་བཅས་ལ་ཐུགས་རྗེ་ཆེ་ཞུ་བ་དང་།
རང་རེའི་ལས་བྱེད་གཉིས་ནས་ལས་དོན་ཧུར་ཐག་གནང་སོང་ཞིང་།
འབྲི་རུ་དགོན་བརྩེ་ཆེན་བསམ་འགྲུབ་གླིང་ནས་དམིགས་བསལ་གསོལ་ཚིགས་ཁ་སྣོན་ཆེད་སྒོར་
༥༠༠༠། ཆེད་བསྩལ་གནང་སོང་བས་གོ་སྐབས་འདི་བརྒྱུད་འབྲེལ་ཡོད་ལྟོས་བཅས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གོང་གསལ་སྤྱི་འཐུས་ཐུན་མོང་གིས་ཕྱི་ལོ་
༢༠༡༨ ཟླ་ ༥ ཚེས་ ༢༣
ལ།།
No comments:
Post a Comment