༄༅། །དེ་རིང་ཕྱི་ལོ་ ༢༠༢༠
ཟླ་ ༤ ཚེས་ ༢༣
ཉིན་བོད་ཀྱི་སྒྲུང་རྩོམ་གྲགས་ཅན་(བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་)
ཆ་ཚང་བཀླགས་པ་ཡིན།
ངས་བཀླགས་པའི་དེབ་འདི་ནི་
༡༩༩༧ ལོའི་ཟླ་ ༨
པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པ་དེ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་བཤེར་འབེབས་བྱས་ཏེ་
PDF ནང་ཡོད་པ་ཞིག་རེད།
དེབ་འདི་ཀློག་སྐབས་ཡུལ་སྐད་དམ།
ཚིག་དོན་ཁ་གསལ་ཤེས་རྟོགས་མ་བྱུང་བ་ཁ་ཤས་བྱུང་སོང་བ་རྣམས་གཤམ་དུ་འགོད་རྒྱུ་ལགས་ན་དེ་ལུགས་མཁྱེན་རྟོགས་ཡོད་པའི་དྲ་གྲོགས་རྣམས་ཀྱིས་རྒྱུ་མཚན་དང་བཅས་བཀའ་ལན་ཡོད་པ་ཞུ།
ཤོག་གྲངས་ 1 ནང་།
གཞོགས་གཅིག་ཏུ་གདོན་འབངས་མི་སེར་སྡེ་ཚོ་སྦྲང་བུའི་སྦྲང་ཚང་ལྟ་བུ་དོག་པར་ཆགས།
ཞེས་གསལ་བས་ (གདོན་འབངས་) ཞེས་འབྲི་དོན་གང་ཡིན་ནམ། ?
ཤོག་གྲངས་ 3 པར། བ་ཡི་གཡོགས་སོགས་ཨར་ཆོག་འཕྲལ་གཅུང་མོ་ཆུང་ཤོས་གོག་འདྲུད་རྒྱག་པ་དེ་འཐག་ཁྲིའི་རྐང་པ་མདུན་མར་བཏགས་ནས་་་་་
ཞེས་གསལ་ (ཨར་ཆོག་) ཅེས་པ་གོང་གསལ་ལས་རྣམས་གྲུབ་མཚམས་སམ་ལྕོགས་མཚམས་ཏེ།
ཨར་བརྟེན་ཟེར་སྲོལ་ལྟར་ལ་གོ་དགོས་སམ། ?
ཤོག་གྲངས་ 4 པར། དེ་ལས་གཞུང་རྐྱང་གི་གླ་ཚལ་གྱི་ཤིང་གསེབ་ཏུ་ཤིང་འཐོག་པར་བསྐྱོད་ན་མི་ལེགས་སམ་ཞེས་གྲོས་འགོ་བཏོན།
ཞེས་གསལ་བ་དང་། ཡང་ཤོག་གྲངས་ 6 པར།
ཁོང་ཕེབས་པ་མཐོང་འཕྲལ་ངོས་གཉིས་སྤྲེའུ་ལྟར་གླ་སྡོང་རེ་ལ་འཁྱུད། ཅེས་དང་། ཤོག་གྲངས་
7 པར། དེའི་ཚེ་ལྷོ་འདྲེ་གླ་སྡོང་ལས། ཚག་ཤག
ཅེས་ས་ཐོག་ཏུ་ལྷུངས། ཞེས་གསལ་བ་ (གླ་ཚལ་) ཞེས་གླ་ཚེར་ཟེར་བའི་ཚེར་མ་ཅན་གྱི་ཤིང་ཞིག་ཡོད་འདུག་པ་དེའི་ཚལ་ལམ།
ཡང་ན་གླ་གཏོང་བྱས་པའི་ཤིང་ཚལ་སོགས་གང་ལ་གོ་དགོས་སམ། ? གལ་སྲིད་ཚེར་མ་ཅན་གྱི་ཤིང་དེ་ཡིན་ན་ཁོང་གཉིས་ཇི་ལྟར་འཁྱུད་དམ།
?
ཤོག་གྲངས་ 6 པར། བ་ཕྱུགས་ཀྱི་འཇོབ་ཁྱེར་ཤོག
ཅེས་སྐུལ་བཞིན་ཞོ་མདོང་ལ་ནུ་ཁུད་ཐུག་པའི་སྒྲ་དང་བཅས་ཏེ་བ་རར་བསྐྱོད།
ཅེས་གསལ་བས་དང་པོ་ (འཇོབ་) ཅེས་པ་བ་ཕྱུགས་ལ་སྤྲད་རྒྱུའི་གཟན་རྩྭར་གོ་དགོས་སམ། ?
གཉིས་པ་ (ནུ་ཁུད་) ཅེས་པ་གང་ཞིག་ཡིན་ནམ། ?
ཤོག་གྲངས་ 19 པར།
ར་ལུང་ནས་སྣ་དཀར་རྩེ་བར་ལམ་ཐག་ཧ་ཅང་རིང་བས་སྨིན་བདུན་མ་རུ་བཞི་སྒྲོམ་བཅས་མཚམས་སུ་ཐོན།
ཞེས་དང་། ཤོག་གྲངས་ 20 པར།
སྐྱོད་བཞིན་སྐྱོད་བཞིན་སྨིན་བདུན་མ་རུ་ལྔ་སྒྲོམ་ཆོད། དྲུག་སྒྲོམ་ཆོད།
མཐར་བདུན་སྒྲོམ་ཆོད་ནས་བྱང་གི་རི་འགོར་སླེབས་མཚམས་གཞི་ནས་ཤར་བརྡ་བཏང་། ཞེས་གསལ་བས་
(སྨིན་བདུན་མ་) ཞེས་པ་སྐར་མ་ཞིག་ལ་གོ་དགོས་ཚོད་ལྟ་བུ་སྣང་བས་འདི་སྐར་མ་ག་འདྲ་ཞིག་ཡིན་ནམ།
? དེ་བཞིན་ (རུ་བཞི་སྒྲོམ་)
སོགས་ཀྱི་རིམ་པ་བརྩི་སྟངས་གང་ཡིན་དང་། ཀློག་ཚུལ་ཡང་ [རུ་]
[བཞི་སྒྲོམ་] མམ། ཡང་ན་ [རུ་བཞི་] [སྒྲོམ་]
ལྟ་བུ་ག་འདྲ་ཀློག་དགོས་སམ། ?
ལོ་ཙཱ་བ་ཆུང་ཚེ་རིང་གིས་ལན་འདེབས་གནང་བ།
༡) གདོན་འབངས་ཟེར་བ། ཡིག་ནོར་ཡིན་པ་འདྲ།
སྔ་མོ་ཁྲལ་བསྡུ་ཡུལ་གྱི་ཁོངས་སུ། འདོན་ཞེས་པ་ཞིག་བརྩི་སྲོལ་འདུག་པ་དེ་ཡིན་པ་འདྲ།
འདོན་རྒྱུག་མི་སེར་དང་འདོན་འབངས་ཡང་ཟེར།
༢) བ་ཡི་གཡོགས་སོགས་ཨར་ཆོག་འཕྲལ་ཞེས་པ་ནི།
ཁྱེས་ཀྱིས་གོ་བ་བླངས་ཟིན་པ་ལྟར། དཀའ་ཚེགས་ལ་མ་འཛེམས་པར་བསྒྲུབས་པར་བྱས་འཕྲལ་ཟེར་བ་རེད།
༣) གླ་ཚལ་སོགས་ནི།
ཤིང་གླ་བ་དང་འབྲེལ་བ་ཤ་སྟག་རེད། ཤིང་འདིའི་པར་ཞིག་རྗེས་སུ་ཨེ་རག་ལྟ།
༤) འཇོབ་ཟེར་བ་མ་ཤེས། ཡིག་ནོར་མིན་ནམ་སྙམ།
ཐོག་མའི་མ་དཔེ་རྩོམ་རིག་སྒྱུ་རྩལ་དུ་བཀོད་པ་དེར་མཚུངས་བསྡུར་བྱ་འོས།( བོད་ནང་གི་གསར་འགྱུར། གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོའི་གནས་ཚུལ་རེ་གཉིས་བཀོད་པ། ཞེས་པའི་ནང་ “སྒོ་ཕྱུགས་སེམས་ཅན་ལའང་ཁ་ཁུ་དང་འཇོབ་རྩྭ་སྟེར་སྐབས་དེ་སྔོན་ལྟར་མ་ཡིན་པར་ཐད་ཀར་དེ་ནས་ཆུ་ཚ་པོ་བཏང་ན་འགྲིག་གི་འདུག” ཞེས་གསལ་བར་བལྟས་ན་ཕལ་ཆེར་རྩྭ་གཟན་རྩབ་ནས་ཆུ་སྦང་བྱས་པ་དེ་འདྲ་ཡིན་བཟོ་མངོན་།) ཡང་(ཁ་ཁུ་)ཞེས་པ་དེ་གང་ཡིན་མ་ཤེས། ཁྱུང་སྨོན་ལམ།
ཁ་ཁུ་ནི། ཆུ་དྲོད་འཇམ་ནང་རྩམ་པའམ། གྲོ་ཕྱེ་བཏབ་ནས་སྒོ་ཟོག་ལ་སྟེར་བ་དེ་རེད། དགུན་ཁ་ཉིན་ལྟར་སྒོ་ཟོག་སེམས་ཅན་ལ་ཁ་ཁུ་སྟེར་དགོས། ཆུང་ཚེ་རིང་།
ཁ་ཁུ་ནི། ཆུ་དྲོད་འཇམ་ནང་རྩམ་པའམ། གྲོ་ཕྱེ་བཏབ་ནས་སྒོ་ཟོག་ལ་སྟེར་བ་དེ་རེད། དགུན་ཁ་ཉིན་ལྟར་སྒོ་ཟོག་སེམས་ཅན་ལ་ཁ་ཁུ་སྟེར་དགོས། ཆུང་ཚེ་རིང་།
༥) སྨིན་བདུན་ཟེར་བ་དེ།
སྐར་མ་སྨེ་བདུན་ཟེར་བ་དེ་ཡིན་འདུག །བརྩི་སྟངས་དེ་ལ་ངས་ཀྱང་དོ་སྣང་བྱུང་།
དབུས་ཁུལ་དུ་དེ་འདྲའི་བརྩི་སྟངས་དེ་མེད་པ་འདྲ། གཙང་ཁུལ་གྱི་བརྩི་སྟངས་ཤིག་ཡིན་འདུག
དེ་ཡང་སྐར་མ་སྨེ་བདུན་གྱི་རྒྱུ་ཕྱོགས་རུ་ཁ་ཤས་ལ་ཕྱེ་ནས་མཚན་གྱི་དུས་ཚོད་བརྩི་སྟངས་ཤིག་ཡིན་འདུག་དྲན།
དགེན་ཧི་མ་ལ་ཡའི་རྒྱལ་སྲས་ཀྱིས་ལན་འདེབས་གནང་བ།
རྒན་ལགས་ཀྱི་བཀའ་དྲི་དེར་གུས་པས་བསམ་ཚུལ་ཞིག་ཞུ་རྒྱུ་ཡིན།
1. གདོན་འབངས་ནི་གཞིས་འབངས། 2. ཤིང་གླ་ཚལ་ནི་མེལ་གྲོ་ལུང་པའི་སྐད་དུ་གླང་ཚལ་ཏེ།
རྩེ་མོར་ཚེར་མ་ཡོད་ཀྱང་ཡལ་གར་མི་འཛེགས་ཆོག་པའི་ཤིང་སྡོང་ཞིག 3. འཇོབ་ནི་ཐག་ཆོད་པ་ཞིག་མ་ཤེས། 4. ནུ་ཁུད་ནི།
འོ་མ་མ་འཇོའི་སྔོན་ནུ་མར་བཀུ་རྒྱུའི་སྣུམ་ཞིག། (ཁ་སྐད་དུ་ནུ་ཀྱིད་འདྲ་བོ་ཟེར།)
དབུས་ཁུལ་དུ་དེ་ཤ་རྭ་དུམ་བུ་བྱས་པ་ཞིག་འཇུག་སྟེ་གློར་འདོགས་ཀྱིན་ཡོད་འདུག 5.
སྨིན་བདུན་ནི། བྱང་སྐར་སྤུན་བདུན། (ཁ་སྐད་དུ་རྔོན་པ་མི་བདུན་ཟེར།) 6.
རུ་བཞི་སྒྲོམ་ནི།
གོང་གི་བྱང་སྐར་སྤུན་བདུན་དེ་རུ་བཞི་དང་ལྔ་སོགས་ཕྱེས་པའི་སྐར་མ་སྟོད་སྨད་རྣམས་འཆར་སྟངས་ཞིག་མིན་ནམ་སྙམ་སྟེ།
གཏམ་དཔེར། བྱང་གི་རྔོན་པ་མི་བདུན་དེ། །བྱང་ནས་འཆར་ཞིང་བྱང་ནས་ལ། །ཟེར་སྣང་ཡོད།
རྒྱུ་མཚན་ནི་སྐར་མ་བདུན་པོ་དེ་མཚན་གང་པོར་བྱང་ཕྱོགས་སུ་སྡོད་པ་ལྟ་བུ་ཞིག་ཡོད།
No comments:
Post a Comment