Tuesday, December 13, 2011

མཁྱེན་གསོལ་རྒྱལ་གཤེན་དགྱེས་པའི་མཆོད་སྤྲིན།


བཀའ་དྲིན་རྗེས་དྲན་གྱི་མཁྱེན་གསོལ་རྒྱལ་གཤེན་དགྱེས་པའི་མཆོད་སྤྲིན།


སྤྱི་གཙུག་བདེ་ཆེན་ཉི་ཟླའི་གུར་ཁྱིམ་གྱི་ཀློང་ནས། །
བཀའ་དྲིན་མཚུངས་ཟླ་བྲལ་བའི་དཔོན་གསས་ཀྱི་བླ་མ། །
སྙིགས་དུས་རྒྱལ་གཤེན་བསྟན་པའི་མགོན་སྐྱབས་དང་དཔུང་གཉེན། །
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ཁྱེད་མཁྱེན་ནོ། །
རིང་ནས་འགྲོ་ལ་རྗེས་བརྩེའི་བྱིན་རླབས་ཀྱི་མཐུ་དང༌། །
དུས་འདིར་བསྟན་འགྲོའི་བསོད་ནམས་ལྷན་ཅིག་ཏུ་འཚོགས་པས། །
བསམ་བཞིན་སྲིད་པའི་ཚུལ་བཟུང་སྲིད་གསུམ་གྱི་མགོན་གཅིག །
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ཁྱེད་མཁྱེན་ནོ། །

ཆུང་ནས་ཡ་རབས་ཞི་དུལ་ངང་ཚུལ་ཀུན་རྫོགས་ཤིང༌། །
སྐྱེས་སྟོབས་ཤེས་བྱའི་རང་རྩལ་གཞན་ཟླ་དང་བྲལ་བ། །
ཁྱེའུ་ཆུང་མང་པོའི་དབུས་ནས་བསྔགས་འོས་སུ་གྱུར་པ།།
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ཁྱེད་མཁྱེན་ནོ། །

དམུ་རྒྱལ་སྲས་ཀྱིས་གདུལ་བྱ་བཀྲིད་དྲངས་ཆེད་བསྟན་པའི། །
ཕྱྭ་སྣང་འཕྲུལ་སྲིད་རྒྱུ་བོན་རྣམ་བཞི་ཡི་སྒོ་ནས། །
འགྲོ་བློའི་མོས་ཁམས་ཇི་བཞིན་ཕན་བདེ་ཡི་མཛོད་འཛིན། །
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ཁྱེད་མཁྱེན་ནོ། །

འཕྲུལ་ངག་གཡུང་དྲུང་བསྟན་པའི་ལྟ་གྲུབ་ཀྱི་ཉིང་ཁུ། །
སྤང་བསྒྱུར་གྲོལ་གསུམ་ཞང་བོད་ཤེས་རིག་གི་མ་མ། །
ཐོས་བསམ་སྒོམ་སྒྲུབ་མཛད་བཟང་ཕ་མཐའ་རུ་སོན་པའི། །
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ཁྱེད་མཁྱེན་ནོ། །

ཞྭ་དཀར་བསྟན་པའི་ཚེ་སྲོག་འཇིགས་ཉེན་ལས་བསྐྱབས་ཤིང༌། །
འཆད་རྩོད་རྩོམ་སྒྲུབ་སྲོལ་བཟང་མི་ཡུལ་དུ་མཐུད་ནས། །
འཛམ་གླིང་ཤར་ནུབ་ཀུན་ཏུ་གྲགས་སྙན་གྱིས་ཁྱབ་པའི། །
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ཁྱེད་མཁྱེན་ནོ། །

བཀའ་དང་བཀའ་བརྟེན་དྲི་བྲལ་གསུང་རབ་ཀྱི་ཚོགས་དང༌། །
གནའ་དེང་ཕྱི་ནང་མཁས་པའི་ལེགས་བཤད་ཀྱི་དཔེ་ཚོགས། །
ཕྱི་རབས་བསྟན་དང་འགྲོ་བའི་མིག་རྒྱན་དུ་བསྐྲུན་པའི། །
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ཁྱེད་མཁྱེན་ནོ། །

བན་བོན་གྲུབ་མཐའི་མཆོག་འཛིན་རྒྱང་རིང་དུ་དོར་ཞིང༌། །
རིས་བྲལ་དག་སྣང་དགོངས་པའི་དཔལ་ཡོན་གྱིས་ཕྱུག་པའི། །
གངས་ལྗོངས་གྲུབ་འཛིན་ཀུན་གྱི་ལམ་སྟོན་གྱི་སྐྱེས་ཆེན། །
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ཁྱེད་མཁྱེན་ནོ། །

ཕྱི་ནང་མཁས་གྲུབ་སྐྱེས་བུའི་འདུ་ཚོགས་ཀྱི་ཁྲོད་ནས། །
ངེས་པ་དོན་གྱི་བདག་ཉིད་མངོན་པར་དུ་བཞེངས་ཞེས། །
གངས་རིའི་མགོན་པོ་མཆོག་གིས་ཡང་ཡང་དུ་བསྔགས་པའི། །
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ཁྱེད་མཁྱེན་ནོ། །

མདོར་ན་ས་སྟེང་འཕྲུལ་ངག་བོན་བསྟན་གྱི་མངའ་བདག །
འཁོར་ལོ་གསུམ་གྱི་མཛད་འཕྲིན་གཞན་ཟླ་དང་བྲལ་བ། །
སྲིད་ཞིའི་མགོན་གཅིག་དཔོན་གསས་བླ་མ་ཡི་ཞབས་པད། །
སྲིད་མཐའི་བར་དུ་མི་འགྱུར་བརྟན་པ་རུ་བཞུགས་མཛོད། །


བཀའ་དྲིན་མཚུངས་མེད་དཔལ་ལྡན་དྲིན་ཆེན་རྩ་བའི་བླ་མ། རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གདུང་འཚོབ། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་སྐུ་འཁྲུངས་ཏེ་དགུང་གྲངས་བརྒྱད་ཅུ་ཧྲིལ་པོར་འཁོར་བའི་དགུང་སྟོན་ཁྱད་པར་ཅན་གྱི་སྐབས་གུས་འབངས་གྱི་ན་བ་སྨོན་མིང་པས་བྲིས་ཤིང་དཔོན་གསས་མཆོད་པའི་གཤེན་དབྱངས་ཕྱག་དེབ་བར་ཆའི་ནང་བཀོད།

No comments: