Saturday, December 31, 2011

བྱ་དཀའི་ཀ་བཤད་གང་མཐོང་བྱུང་བརྗོད།



༄༅། །འཇིག་རྟེན་གྱི་ས་ཆེན་པོ་འདིར་གནས་པའི་གཞིས་བྱེས་བོད་མི་ཡོངས་དང་།གཡུང་དྲུང་སྤུན་གྲོགས་རྣམས་ལ་ ༢༠༡༢ ལོའི་གནམ་ལོ་གསར་པའི་ནང་
མཛད་འཕྲིན་ལྷུན་གྱིས་འགྲུབ་ཅིང་། རྒྱལ་གཤེན་བསྟན་པའི་
ཉི་འོད་མཁའ་ཁྱབ་བསྟན་འགྲོ་ཡོངས་ཀྱི་དཔལ་དུ་
འཛུམ་པའི་སྨོན་འདུན་གྲངས་མེད་ཞུ།

ཀ་དག་བསྟར་ཆགས་གངས་དཀར་ར་བས་བརྒྱན།།
ཁ་བ་ཅན་གྲགས་མཚན་སྙན་བླ་ན་འབར།།
ག་ལྗང་སྤང་ཐང་ནགས་ཚལ་བསམ་མཐའ་ཡས།།
ང་ཅག་རང་གནས་ལྷ་ལས་ཁྱད་པར་འཕགས།།
                ཅ་ལག་ཆས་བཟང་བག་ཡངས་དགའ་ཚལ་ན།།
                ཆ་བྲལ་སྐྲ་དམར་རྣམས་ལ་བསམ་པ་གཏད།།
                ཇ་ཆང་ཤ་ཁྲག་གནམ་སྲས་ལྷ་དང་འགྲན།།
                ཉ་སྲམ་མཉམ་ལྟར་ཁྱད་མཚར་ལས་ལ་འབད།།
ཏ་ག་བསྟན་སྨན་ལ་རྒྱར་བསྙད་བཏགས་ནས།།
ཐ་དད་མཚན་མང་ནང་བསྟན་ཡང་དག་ལ།།
ད་ལན་སྐབས་བབ་ནང་པ་མ་ལགས་སྐད།།
ན་དར་ལྷག་བསམ་ཅན་ལའང་བསམ་ངན་བསླབས།།
                པ་ཤང་ཆ་བྱད་མཁས་དབང་མཚན་ཅན་འགས།།
                ཕ་ས་གངས་ཅན་རྒྱལ་བསྟན་རྩ་བ་རྣམས།།
                བ་གླང་ལྷ་བལྟ་རྒྱ་བལ་ལས་དྲངས་སྐད།།
                མ་དག་དྲང་འགལ་སྨྲ་ལ་བག་ཚ་བྲལ།།
ཙ་ཀྲ་རམ་རམ་སྔགས་བཟླས་བགྲང་བྱ་བསྐྱལ།།
ཚ་གྲང་དམྱལ་ཁམས་གནས་ལས་མ་ཕན་ན།།
ཛ་དྲག་དཀའ་སྤྱད་དབྱངས་སྙན་ངག་རྟ་ཡང་།།
ཝ་སྤྱང་སྐད་ངན་དག་དང་ཁྱད་པར་གང་།།
                ཞྭ་དཀར་བསྟན་ལ་འཆད་ཉན་བྱས་བྱས་མཐར།།
                ཟ་མངར་ཆས་འཇམ་གནས་བཟང་སྐྱབས་བཙལ་ནས།།
                འ་ཆད་ཐབས་ཟད་ཞྭ་ཆས་གཞན་སྤྲས་རྣམས།།
                ཡ་མཚན་ཐ་སྙད་བཏགས་ཀྱང་ཐ་ཆད་ལས།།
ར་བ་གངས་རྒྱན་བསྟན་རྩ་ལྔ་ཕྲག་གནས།།
ལ་རྒྱ་བསམ་པ་ལྷ་ལམ་པད་མར་འགྲན།།
ཤ་ཁྲག་ཐ་དད་བྲལ་སྐད་བཤད་ན་ཡང་།།
ས་གནས་མཁས་དབང་རྣམ་པ་བཞད་གད་གནས།།
                ཧ་ལམ་རྒྱལ་ཁམས་སྐད་མང་སྨྲ་ལགས་ཀྱང་།།
                ཨ་མཚར་རང་སྐད་ཕ་མཐར་ཕྱག་རྒྱས་བཏབ།།
                ཧ་ཅང་ལས་ངན་ཆབ་གསང་གཙང་ལ་འབད།།
                ཨ་སྐད་མཁས་ཀྱང་བྱ་ཐབས་གཞན་ལས་བརྒལ།།
༡༩༩༧ ཟླ་ ༡༡ ཚེས་ ༢༧ ཉིན་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་རྩོམ་རྒྱུགས་སྐབས་སུ་བྲིས་པ་ཞིག ཐ་ཚན་མུ་ཙུག་སྨར་རོ།། །།

No comments: