Saturday, November 23, 2013

༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་བཀའ་དབང་ཟབ་མོ་བསྩལ་གནང་བ།


༄༅། །འདི་ལོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་སློབ་སོགས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་། སྨན་རིའི་གྲྭ་ཚང་གི་ལས་སྣེ་བ་བཅས་དད་ལྡན་བོན་འབངས་རྣམས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན། རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་མཆོག་གི་ཞལ་ཚབ། དཔོན་གསས་བླ་མ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཆུ་སྦྲུལ་ལོའི་བོད་ཟླ་བརྒྱད་པ་ཕྱི་མའི་ཚེས་བཅོ་ལྔ་སྟེ། ཕྱི་ལོ་༢༠༡༣ ཟླ་ ༡༠ ཚེས་ ༡༨ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོན་ཕྱི་རྒྱུད་ཀྱི་བཀའ་དབང་ཟབ་མོ་ནས་དབུ་འཛུགས་གནང་སྟེ་ ༢༠༡༣ ཟླ་ ༡༡ ཚེས་ ༡༥ བར་ཕྱི་རྒྱུད་ཀྱི་བཀའ་དབང་ཆ་ཚང་དང་། ནང་རྒྱུད་ཡི་དམ་གསས་མཁར་མཆོག་ལྔ་སྟེ། སྐུ་དབལ་གསས། གསུང་ལྷ་རྒོད། ཐུགས་གཙོ་མཆོག ཡོན་ཏན་དབལ་ཆེན་གེ་ཁོད། འཕྲིན་ལས་འབྲུག་གསས་ཆེམས་པ་བཅས་ཀྱི་བཀའ་དབང་བསྩལ་གནང་མཛད་ཡོད་པ་རེད།

༢༠༡༣ ཟླ་ ༡༡ ཚེས་ ༡༦ ཉིན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་གསང་གསུམ་མཛད་པའི་འཕྲིན་ལས་ཟབ་མོ་མི་འགྱུར་གཡུང་དྲུང་གི་སྐུ་རུ་བརྟན་ཅིང་བཞུགས་སུ་གསོལ་བའི་མཎྜལ་སྐུ་གསུང་ཐུགས་རྟེན་དང་། ཐུགས་རྗེ་ལེགས་འབུལ་གྱི་དགྱེས་སྟོན་མཛད་པ་མ་ཟད། དད་ལྡན་མང་ཚོགས་རྣམས་ནས་གཏང་རག་གི་དགའ་སྟོན་ལ་རོལ་བར་མཛད།
        དེ་ཡང་གཡུང་དྲུང་བོན་གྱི་བཀའ་རྒྱ་ཆེ་བ་དང་། ལུང་གྲངས་མང་བ། མན་ངག་མདོར་བསྡུས་པ་རྣམས་ནི་ཡེ་ཉིད་ཀྱི་སྟོན་པ་བོན་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་དཔལ་ལྡན་དྲིན་ཆེན་རྩ་བའི་བླ་མའི་བར་རྒྱུད་ལུང་མན་ངག་གི་ཟམ་མ་ཆད། ཐུགས་རྗེའི་བྱིན་རླབས་ཀྱི་ན་བུན་མ་ཡལ་བར། ཕྱི་རྒྱུད་ཐམས་ཅད་སྤྲུལ་པའི་སྐུ་ལས་བརྒྱུད་པ་དང་། ནང་རྒྱུད་ཐམས་ཅད་རྫོགས་པའི་སྐུ་ལས་བརྒྱུད། གསང་རྒྱུད་ཐམས་ཅད་བོན་གྱི་སྐུ་ལས་རིམ་པར་བརྒྱུད་པ་བཞིན། རྒྱལ་བ་སྨན་རི་བའི་མཁན་སློབ་རིམ་བྱོན་གྱིས་སྐལ་ལྡན་གདུལ་བྱའི་ཚོགས་ལ་དབང་ལུང་ཁྲིད་གདམས་གྱི་བགོ་སྐལ་རྗེས་བཞག་གནང་སྲོལ་ཡོད་པ་བཞིན་ད་ལན་རྒྱལ་བ་སྨན་རི་བ་མཆོག་ནས་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་ཆེད་བཅར་གནང་བའི་བླ་མ་དགེ་བཤེས་སོགས་སྐྱབས་གནས་འདུས་ཚོགས་དང་། བོད་ཕྱི་ནང་སོགས་རྒྱལ་ཁབ་འདྲ་མིན་གྱི་བོན་འབངས་སེར་སྐྱ་སྟོང་ཕྲག་གཉིས་ཙམ་ལ་བཀའ་དབང་དགྱེས་བསྩལ་མཛད་ཡོད་པ་དང་། བཀའ་དབང་འཕྲོ་མ་རྣམས་ལོ་རྗེས་མ་ནས་མུ་མཐུད་བསྩལ་གནང་མཛད་རྒྱུའི་ཞལ་བཞེས་བཀའ་དྲིན་ཟབ་མོ་ཐོབ་ཡོད་པ་རེད།

No comments: