Friday, April 11, 2014

འཇུ་ཆེན་ལོ་རྒྱུས་པར་སྐྲུན་ལེགས་གྲུབ་ཀྱི་དགའ་སྟོན་འདུ་འཛོམས།


༄༅། །བོད་རབ་གནས་ཤིང་རྟ་ལོའི་ཧོར་ཟླ་གཉིས་པའི་ཚེས་དྲུག ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༥ སྟེ་སྤེན་པ་སྣར་མ་འགྲུབ་སྦྱོར་ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་སྦིར་ཅོན་ཏ་ར་འཇུ་ཆེན་ཚང་དུ་(དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཉེ་རབས་བོད་ཀྱི་བྱུང་བ་བརྗོད་པའི་གཏམ་ཚོགས་སྲིད་པའི་མེ་ལོང་)པར་སྐྲུན་ལེགས་གྲུབ་ཟིན་པའི་དགའ་སྟོན་གྱི་འདུ་འཛོམས་ཤིག་གནང་ཡོད་པ་རེད།
༢༠༡༤།༣།༣༩ ཉིན་འཇུ་ཆེན་ཚང་གི་ནང་མི་རྣམས་༸གོང་ས་ཆེད་བཅར་གྱིས་ལོ་རྒྱུས་དཔེ་དེབ་པར་ཕུད་ཕུལ་སྐབས།

དེ་ཡང་དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བརྩམས་གནང་བའི་ལོ་རྒྱུས་གྱི་དཔེ་ཚོགས་དེབ་གྲངས་ཉེར་ ༢༡ དང་དཀར་ཆག་ཕྱོགས་བསྒྲིགས་དེབ་ ༡ བཅས་པར་སྐྲུན་ལེགས་གྲུབ་ཟིན་རྗེས་ཐོག་མར་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་འཇུ་ཆེན་ཚང་གི་ནང་མི་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔར་ཆེད་བཅར་གྱིས་པར་ཕུད་ཕུལ་ཟིན་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༥ ཉིན་ཅོན་ཏ་རར་འདུ་འཛོམས་གནང་བའི་སྐབས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་དང་། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ། བླ་ཁྲི་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེ། ནང་སྲིད་དྲུང་ཆེ་འཁོར་ལྷ་བསོད་ནམས་སྟོབས་རྒྱལ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ཚོགས་གཙོ་པདྨ་བདེ་ལེགས།  ཆུ་སྒང་དབུས་རྒྱུན་དངུལ་གཉེར་སྐྱུ་ར་དཔའ་རྡོ། ཆུ་སྒང་དགེ་རྩའི་ཚོགས་གཙོ་གོ་བོ་བློ་བཟང་ཕན་བདེ། ཆུ་སྒང་དབུས་རྒྱུན་ཀརྨ་མཁས་གྲུབ། དཔལ་སྤུངས་ཤེས་རབ་གླིང་གི་དགེ་སྐོས་བསྟན་པ་རབ་རྒྱས། དཔལ་སྤུངས་བཙུན་དགོན་ཡེ་ཤེས་རབ་རྒྱས་གླིང་གི་བླ་མ་བསོད་ཚོགས། རྫོང་སར་བཤད་གྲྭའི་མཁན་པོ་ཚེ་རིང་། གཞན་ཡང་སྦིར་སྡེ་ནང་གཉིས་ཀྱི་ས་གནས་ཆུ་སྒང་གི་རྒྱུན་ལས་གཙོས་གནད་ཡོད་མི་སྣ་ཁག་དང་། འཇུ་ཆེན་ཚང་གི་ནང་མི་གཉེན་འབྲེལ་དང་དགའ་ཉེ་བློ་དཀར་སོགས་མི་གྲངས་ ༤༠ ཙམ་ནང་ཁུལ་མཉམ་འཛོམས་ཀྱིས་ཐོག་མར་འཇུ་ཆེན་ཚང་གི་མཆོད་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་སྣང་གསལ་སྒྲོན་མེ་ཞལ་དབྱེ་དང་དཔེ་དེབ་རྣམས་དབུ་འབྱེད་གནང་སྟེ། རྟེན་འབྲེལ་མཚོན་བྱེད་ཁག་བསྩལ་གནང་མཛད་པ་དང་། ཞིང་གཤེགས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་སྐུ་ཚེ་ ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཏང་གནང་བར་བཀའ་དྲིན་རྗེས་དྲན་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་སྤྱི་སྩལ་ བཞིན་དམ་པ་ཁོང་གིས་མི་ལོ་ ༡༦ ཙམ་གྱི་རིང་འབྲི་བརྩམས་གནང་བའི་ལོ་རྒྱུས་དེབ་གྲངས་ ༢༡ པར་སྐྲུན་ལེགས་གྲུབ་བྱུང་བ་ནི་ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ཀྱིས་ཁོང་གི་ མཛད་རྗེས་ལ་སྲི་ཞུ་རྣམ་དག་ཅིག་འགྲུབ་པར་རྗེས་སུ་ཡི་རང་ཞུས་ཡོད་པ་རེད། དམིགས་བསལ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་ འཇུ་ཆེན་ཚང་གི་ནང་མི་དང་། རྩོམ་སྒྲིག་གི་ལས་དོན་གནང་མི་ཚང་མར་ལེགས་དར་དང་དེར་འདུས་ཡོངས་ལ་རྟེན་འབྲེལ་ གྱི་མངར་ཟས་འབུལ་གནང་མཛད་ཡོད་པ་རེད།

           བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་ཕྲེང་རྣམས་ནི། ཐོག་མར་ཁོང་ཉིད་ནས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ལས་དོན་གྲུབ་པ་དང་ ༡༩༩༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁྱོད་རང་གིས་མི་ཚེའི་ལོ་རྒྱུས་ཤིག་འབྲི་རྩོམ་བྱས་ན་མི་རབས་རྗེས་མའི་ཕྱི་མིག་བལྟ་ཡུལ་གལ་ཆེ་ཆགས་ཀྱི་ཡིན་སྐོར་སོགས་བཀའ་གསུང་སྤྱི་སྩལ་གནང་བ་ནས་བཟུང་འབྲི་འགོ་བརྩམས་གནང་སྟེ་མཐར་དགོངས་པ་མ་རྫོགས་བར་མི་ལོ་ ༡༦ ཙམ་གྱི་རིང་དུས་ཁོམ་ཡོད་ཚད་བེད་སྤྱོད་ཀྱིས་ནམ་གུང་ཆུ་ཚོད་ ༡༠ དང་ ༡༡ ཡས་མས་བར་སྐུ་ངལ་བསྐྱོན་གནང་སྟེ་ནག་འགྲོས་སུ་སུག་བྲིས་བགྱིས་པ་ཡིག་སྣོད་བཅུ་ཕྲག་གསུམ་ཙམ་ཡོད་པ་རྣམས་ད་ལན་འཇུ་ཆེན་ཚང་ནས་དེབ་གྲངས་ ༢༡ གི་ནང་དུ་པར་སྐྲུན་ཞུས་ཡོད་པ་དང་། དེབ་གྲངས་ ༢༡ གི་དཀར་ཆག་ཕྱོགས་བསྒྲིགས་ཀྱི་དེབ་གཅིག་ཀྱང་པར་སྐྲུན་ཞུས་ཡོད་པ་རེད།
          དམ་པ་ཁོང་གིས་ལོ་རྒྱུས་འདི་ཉིད་འབྲི་བརྩམས་གནང་བའི་བརྒྱུད་རིམ་དང་། ལོ་རྒྱུས་ནང་གསལ་གྱི་དོན་གནད་སྙིང་བསྡུས། ལོ་རྒྱུས་པར་སྐྲུན་གནང་དགོས་པའི་རྒྱུ་མཚན་བཅས་དབུ་ཡི་ངོ་སྤྲོད་གླེང་བརྗོད་དང་། མཇུག་གི་པར་སྐྲུན་གསལ་བཤད་གཉིས་ནང་ཁ་གསལ་འཁོད་འདུག་པ་བཅས་ཀྱི་མཚམས་སྦྱོར་སྙིང་བསྡུས་སུ།
ཁྱུངཿསྨོན་ལམ་པས་ ༢༠༡༤།༤།༥ ཉིན་ཅོན་ཏ་ར་འཇུ་ཆེན་ཚང་ནས།




ངོ་སྤྲོད་གླེང་བརྗོད།
༄༅། །གུས་རང་ནས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཚོགས་ཆུང་གི་ལས་དོན་ཡོངས་སུ་གྲུབ་སྟེ། ཕྱི་ལོ་ ༡༩༩༥ ཟླ་ ༧ ཚེས་ ༧ ཉིན་སྐྱེ་འགྲོ་ཡོངས་ཀྱི་གཙུག་རྒྱན། བོད་ཡུལ་ལྗོངས་ཀྱི་ལྷ་སྐལ། ཆོས་སྲིད་གཉིས་ཀྱི་བདག་པོ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸སྐྱབས་མགོན་༸རྒྱལ་བ་ཐམས་ཅད་མཁྱེན་གཟིགས་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གི་མདུན་སར་ངོ་བཅར་ཞུས་ཏེ། གང་ཅིའི་སྐོར་༸སྙན་གསོལ་ཞུས་མོལ་དང་འབྲེལ་བའི་སྐབས། ༸གོང་ས་མཆོག་ནས་ཁྱོད་རང་གིས་མི་ཚེའི་ལོ་རྒྱུས་ཤིག་འབྲི་རྩོམ་བྱས་ན་མི་རབས་རྗེས་མའི་ཕྱི་མིག་བལྟ་ཡུལ་གལ་ཆེ་ཆགས་ཀྱི་རེད། ལོ་རྒྱུས་བྲིས་རིམ་བཞིན་རྟ་ར་ལགས་ལ་བསྐྱར་ཞིབ་ཞུ་དག་བྱེད་དུ་ཆུག་ཅེས། བཀའ་སྤྱི་སྩལ་བྱུང་བར། སྐབས་དེར་གུས་པ་རང་ཉིད་ཀྱི་བསམ་ཚུལ་ལ་སྤྱིར་ལོ་རྒྱུས་འབྲི་རྩོམ་བྱ་བའི་ཆ་རྐྱེན་ལྡན་པ་ཅི་ཡང་མེད། མི་ཚེ་འདིའི་རིང་རྒྱ་བོད་ཕན་ཚུན་གྱི་བདག་དབང་འཐབ་རྩོད་དང༌། དམག་འཁྲུག་སོགས་བསྟན་སྲིད་རང་དབང་གི་གནད་དོན་ཕམ་ཉེས་སྲིད་དོན་ཟང་ཟིང་ཁོ་ནས་དུས་འདའ་བ་ལས་མེད་པ་དེ་ལྟར་ནའང༌། རང་ཉིད་སྒེར་གྱི་དངོས་མྱོང་དངོས་བྱུང་གི་མི་ཚེའི་ལོ་རྒྱུས་ཙམ་བཀའ་དགོངས་ལྟར་འབྲི་རྩོམ་བྱ་རྒྱུར་དཀའ་ངལ་མེད་ཤག་བསམ་ནས་ཅི་གསུང་དང་ལེན་ཞུས་པ་ཡིན་ཅིང༌། དེ་ཉིན་ནས་བཟུང་ཡུན་རིང་མ་སོང་བར་རང་གི་མི་ཚེའི་ལོ་རྒྱུས་འབྲི་རྩོམ་བྱ་བའི་ཚུལ་བསྟན་ཏེ་ཇི་ལྟར་སྙམ་ཞེ་ན།
དང་པོའི་ཆར། རང་རེ་བོད་མི་རྣམས་བོད་ཀྱི་ཆོས་སྲིད་བདག་དབང་མངའ་ཐང་ཁོར་ཡུག་དང་བཅས་ཡོངས་སུ་ཁ་བྲལ་ཏེ། མི་ཡུལ་གཞན་དུ་དབང་མེད་ཀྱིས་གྱར་ནས་ཡོད་པ་དང༌། རང་ཡུལ་བོད་ཀྱི་སྣོད་བཅུད་ཐམས་ཅད་གཞན་དབང་དུ་ཚུད་དེ་བོད་མི་རྣམས་གྱོང་གུན་དང༌། ཕམ་ཉེས་འོག་དཀའ་སྡུག་ཚད་ལས་འདས་པ་མྱོང་བཞིན་ཡོད་པའི་རྒྱུ་རྐྱེན་ཇི་བྱུང་རང་གི་མི་ཚེའི་ནང་མིག་མཐོང་ལག་ཟིན་རྣམས་ཡིག་ལམ་དུ་འགོད་འོས་པ་སྙམ་གཤིས། དེ་ལའང་རྒྱ་དམར་བོད་དུ་མ་ཡོང་གོང་གི་བོད་རྒྱལ་ཁབ་དང༌། བོད་ཡུལ་གྱི་ཆབ་སྲིད་བདག་དབང་གི་གནས་བབ་དངོས་ཀྱང་བསྡུས་ཙམ་རང་བཞིན་དུ་གླེང་དགོས་པ་དེ་ལྟར། ཉེ་ལམ་ནས་བཤད་ན། རང་རེ་བོད་ཀྱི་སྲིད་གཞུང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་བདག་དབང་ཐེའུ་སྣེ་ཤོར་གྱི་གནས་བབ་དང༌། འབྲི་ཆུས་བཅད་པའི་ཁམས་ཤར་ལྷོའི་གནས་བབ། དེ་བཞིན་མཚོ་སྔོན་ཨ་མདོའི་ཡུལ་གྲུ་དངོས་ཀྱི་གནས་བབ་བཅས་གཞི་ལ་བཞག་སྟེ། རྒྱ་ནག་དམར་པོའི་གཞུང་གིས་བོད་ཡོངས་ལ་དྲག་པོའི་དཔུང་འཇུག་རིམ་པར་བྱས་པའི་སྐོར་རང་གིས་ཤེས་ཚོད་འབྲི་དགོས་པ་རང་བཞིན་དུ་ཆགས་ཀྱི་ཡོད།
དེ་ལྟར་ན། རྒྱ་ནག་མི་སེར་རྒྱལ་ཁབ་(གོ་མིན་ཏང་)ཀྱི་སྲིད་གཞུང་དང༌། གུང་ཁྲན་རིང་ལུགས་ཀྱི་ཚོགས་པ་གཉིས་ཕྱི་ལོ་ ༡༩༢༢ ནས་བཟུང་ལོ་མང་རིང་སྲིད་དབང་འཐབ་རྩོད་ཀྱིས་རིམ་བཞིན་རྒྱ་ནག་ཤིས་ཨན་ཞིང་ཆེན་དང༌། ལན་གྲུའུ་ཞིང་ཆེན་བཅས་པར་གུང་ཁྲན་གྱིས་སྲིད་དབང་ཟིན་ནས་ཕྱི་ལོ་ ༡༩༤༩ ལོར་ཨ་མདོའི་ཡུལ་གྲུར་གུང་ཁྲན་དམག་དཔུང་བཙན་འཛུལ་བྱས་པའི་སྐོར་དང༌། ཨ་མདོའི་ཡུལ་གྱི་གནས་བབ་ཟུར་ཙམ་དང་སྦྲགས་བརྒྱ་ཕྲག་བཅོ་བརྒྱད་པའི་ནང་ཨ་མདོའི་ཡུལ་རྒྱ་འོག་ཏུ་ཤོར་བའི་འགོ་ཚུགས་པ་ནས་མཐའ་མར་གུང་ཁྲན་དམག་གིས་ཕྱི་ལོ་ ༡༩༤༩ ཟླ་ ༩ ཚེས་ ༥ ཉིན་ཟི་ལིང་མཁར་སྔོན་མོའི་དབང་འཛིན་པ་རྨཱ་ཆི་ཚང་གི་སྲིད་དབང་འཕྲོག་པ་དང༌། མི་རིང་བར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྟོན་འཁོར་དབུས་ཕྱོགས་སུ་༸ཞབས་འཁོད་སྐོར་སྙིང་བསྡུས་རེ་བྲིས་ཡོད་པ་དེ་ནི། རྩ་བའི་ཆ་ནས་ཨ་མདོའི་ཡུལ་གྲུ་འདི་སྲིད་པ་ཆགས་ནས་བཟུང་བོད་ཀྱི་མིའུ་གདུང་དྲུག་ལས་གྱེས་པའི་རིགས་ཀྱིས་བདག་ཏུ་བཟུང་བའི་བོད་ཡུལ་ཡིན་པ་དང༌། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ནས་ཆོས་ལྡན་བོད་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་པ། བོད་སིལ་བུའི་དུས་རབས་སུ་འདུལ་བའི་སྡེ་སྣོད་འཛིན་པའི་བསྟན་པ་ཕྱི་དར་གྱི་འབྱུང་ཁུངས་དང༌། དཔལ་ས་སྐྱ་པ་ཆེན་པོ་འགྲོ་མགོན་འཕགས་པས་བོད་སྤྱིའི་སྲིད་དབང་འཛིན་སྐབས་ཆོལ་ཁ་གསུམ་དུ་འབོད་པའི་མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ་ཞེས་འབོད་པ་བཅས་བོད་ཡུལ་དངོས་ཤིག་ཡིན་པའི་དབང་གིས་རང་རེ་བཙན་བྱོལ་བོད་གཞུང་གི་དབུ་དམངས་ཡོངས་ནས་ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་དམར་བོད་ལ་བཙན་འཛུལ་བྱས་ཞེས་ལོ་ཚིགས་རྩ་འཛིན་གནང་ཡོད་པའི་རྒྱུ་མཚན་དངོས་ཀྱི་བྱུང་རིམ་བསྡུས་ཙམ་བྲིས་པ་ཡིན།
དེ་མཚུངས་རྒྱ་ནག་མི་སེར་རྒྱལ་ཁབ་གོ་མིན་ཏང་གི་སྲིད་དབང་ཆ་ཚང་གུང་ཁྲན་གྱིས་ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡༠ ནང་བཟུང་རྗེས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁོངས་གཡའ་ཨན་ནས་ཕྱི་ལོ་ ༡༩༥༠ ཟླ་ ༡ ནང་བོད་ཡུལ་འབྲི་ཆུས་བཅད་པའི་ཁམས་ཤར་རྒྱུད་ཀྱི་ས་མཚམས་བརྒལ་ཏེ་དར་མདོ་བརྒྱུད། ལོ་དེའི་ཟླ་ ༤ པའི་ནང་དཀར་མཛེས་ནས་འབྲི་ཆུའི་འགག་སྒོ་བར་རྒྱ་ནག་གུང་ཁྲན་དམག་དཔུང་བཙན་འཛུལ་བྱས་སྐོར་བྲིས་ཡོད་པ་དང༌། ཁམས་ལྷོ་རྒྱུད་ཡུན་ནན་ནས་དུས་མཚུངས་བཙན་འཛུལ་བྱུང་བ་ཡང་བྲིས་ཡོད།
ཕྱི་ལོ་ ༡༩༥༠ ཟླ་ ༨ པའི་ནང་དུས་གཅིག་ཏུ་གུང་ཁྲན་དམག་དཔུང་གིས་འབྲི་ཆུའི་འགག་སྒོ་སྟོད་སྨད་གང་ས་ནས་བརྒལ་ཏེ་གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་དམག་དང༌། འཐབ་འཁྲུག་གིས་ཕྱི་ལོ་ ༡༩༥༠ ཟླ་ ༡༠ ནང་མདོ་སྨད་སྤྱི་ཁྱབ་ཅེས་པ་གནས་ཡུལ་ཆབ་མདོར་གུང་ཁྲན་དམག་གིས་བཙན་བཟུང་བྱས་པའི་སྐོར་དང༌། ཕྱི་ལོ་ ༡༩༥༠ ལོ་ཞེས་འབོད་དགོས་པའི་རྒྱུ་མཚན་དང་བཅས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བྱུང་རིམ་དགེ་སྐྱོན་སྐོར་སྙིང་བསྡུས་རེ་བྲིས་ཡོད། དེ་དང་འབྲེལ་བའི་སྒོ་ནས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བོད་ཀྱི་རྒྱལ་སྲིད་དང་ཆོས་སྲིད་ཀྱི་སྐུ་དབང་འབུལ་བཞེས་མཛད་པའི་སྐོར་དང༌། གྲོ་མོ་བར་ཉེན་གཡོལ་དུ་གདན་ཞུ་བྱས་པའི་སྐོར། ཕྱི་ལོ་ ༡༩༥༡ ལོར་པེ་ཅིང་དུ་ཆིངས་ཡིག་དོན་ཚན་ ༡༧ བཞག་པའི་སྒོ་ནས་གུང་ཁྲན་དམག་ལོ་དེར་ལྷ་ལྡན་རྒྱལ་ཁབ་ཏུ་འབྱོར་བའི་སྐོར་བཅས་བྲིས་ཡོད། དེ་ནས་བཟུང་རྒྱ་བོད་དབར་གྱི་གནས་ཚུལ་བྱུང་རབས་དང༌། ཕྱི་ལོ་ ༡༩༥༦ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཚོགས་ཟེར་བ་ཚུགས་པའི་བར་གྱི་ལོ་རྒྱུས་སྙིང་བསྡུས་དཀྱུས་གཅིག་ཏུ་བྲིས་ཡོད།
འོན་ཀྱང་ལོ་རྒྱུས་ཁུངས་བཙན་པ་དང༌། ཀློག་པ་པོ་རྣམས་ཡིད་ཆེས་འཕེར་བ་ཞིག་དགོས་པ་ལྟར། ལོ་རྒྱུས་ཀྱི་བྱུང་རིམ་ལ་ལོ་དུས་ཟླ་ཚེས་གསལ་པོ་དགོས་ངེས་ལ་བརྟེན་རང་ཉིད་ལ་ལོ་རྒྱུས་འབྲི་བའི་ཉམས་མྱོང་མེད་ཐོག ལོ་རྒྱུས་འབྲི་བའི་འདུན་པ་ཙམ་ཡང་མེད་སྟབས་ལོ་དུས་ཚེས་ཆ་ཁུངས་བཙན་མི་རྙེད་པའི་དཀའ་ངལ་ཆེན་པོར་གྱུར་སྟབས་ངེས་གཏན་ཡོང་སླད། ཕྱི་ལོ་ ༡༩༤༩ ནས་ལོ་རེ་རེ་བཞིན་གྱི་གནས་ཚུལ་བྲིས་པས་གནད་དོན་གཅིག་གི་བྱས་བྱུང་དཀྱུས་གཅིག་ཏུ་མི་གསལ་བར། ལོ་དུས་ཁག་མང་དུ་འཐོར་ནས་ཡོད་པའང་མང་སྟབས་ཀློག་པ་པོ་རྣམས་ཀྱིས་དེ་རྩིས་དགོངས་བཞེས་ཡོང་བར་མཁྱེན།
གཉིས་པའི་ཆར། འབྲི་ཆུས་བཅད་པའི་ཁམས་ཤར་རྒྱུད་ཀྱི་ཡུལ་ཁམས་ཡོངས་ལ་ཕྱི་ལོ་ ༡༩༥༥ ལོ་མཇུག་ཙམ་ལ་དུས་གཅིག་ཏུ་རྒྱ་དམར་གུང་ཁྲན་གྱི་སྲིད་ལུགས་དམངས་གཙོ་བཅོས་བསྒྱུར་ཟེར་བའི་བྱ་སྤྱོད་མ་རུངས་པ་ལག་བསྟར་བྱེད་པའི་འགོ་བཙུགས་པ་ནས་བཟུང་བའི་བྱ་སྤྱོད་སྐོར་དང༌། ཡང་བསྐྱར་ཡུལ་ལུང་སོ་སོར་རྒྱ་བོད་དབར་གྱི་དམག་འཁྲུག་ཇི་བྱུང་སྐོར། བོད་ཤར་རྒྱུད་པ་རྣམས་ཕམ་གུད་ཀྱིས་དབུས་ཕྱོགས་སུ་ཡུལ་གྱར་བ་དང༌། བོད་ཡུལ་དབུས་ཀྱི་རྒྱལ་སྲིད་ལ་རྒྱ་དམར་གུང་ཁྲན་གྱིས་དབང་བསྒྱུར་བྱ་ཐབས་ཇི་སྤེལ། རང་རེའི་བོད་ཀྱི་སྲིད་གཞུང་ནས་ལན་དགུ་ཆད་མཐུད་ཀྱི་ཐབས་ལམ་དང་འབྲེལ་བའི་འཐབ་རྩོད་གནང་ལུགས།
རྒྱལ་ས་ལྷ་སར་མདོ་ཁམས་ཤར་ནུབ་ཡོངས་ཀྱི་ཡུལ་གྱར་བ་རྣམས་ནས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གཟེངས་བསྟོད་པའི་གསེར་ཁྲི་ཁམས་གསུམ་ཟིལ་གནོན་འབུལ་བཞེངས་ཞུས་པ་དང༌། དུས་འཁོར་དབང་ཆེན་ཐེངས་དང་པོ་སྩལ་བའི་སྐོར། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་གསར་དུ་བཙུགས་པ་དང༌། ཨ་རིའི་གསང་ལས་དང་འབྲེལ་བའི་གནས་ཚུལ་སྔ་ཕྱི་བར་གསུམ་གྱི་སྐོར་རོབ་ཙམ་རེ། དམངས་གཙོ་བཅོས་བསྒྱུར་ཟེར་བའི་ལུགས་ངན་གྱི་བྱ་རིམ་ལག་བསྟར་སྐབས། ཕྱི་ལོ་ ༡༩༥༦ ལོ་སྟོད་ནས་གུང་ཁྲན་རིང་ལུགས་ལ་ངོ་རྒོལ་གྱིས་རང་ཉིད་སྡེ་དགེ་རྨེ་ཤོད་དགོན་ཡུལ་ནང་ཁྱིམ་དང་བཅས་པ་ཁ་བྲལ་ཏེ་འབྲི་ཆུ་ནུབ་རྒྱུད་ཡུལ་སྡེ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་འགྲུལ་བཞུད་འབྲེལ་གཏུགས། གུང་ཁྲན་དམག་དང་འཐབ་འཁྲུག་གཏོར་རྒོལ་ཇི་བྱས། ཕྱི་ལོ་ ༡༩༥༩ ལོར་རྒྱལ་ས་ལྷ་སར་དབུས་ཀྱི་ཕོ་བྲང་ནོར་བུ་གླིང་ཁར་༸རྒྱལ་བའི་སྐུ་སྲུང་དུ་བཅར་བ་དང༌། ལྷ་སར་ཞི་རྒོལ་ཇི་བྱས། མཐར་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་བོད་བསྟན་སྲིད་རང་དབང་གི་དོན་དུ་རྒྱ་གར་འཕགས་ཡུལ་ཕྱོགས་སུ་གསང་ཕེབས་རིམ་བཞིན་མཛད་སྐབས། ལྷོ་ཁའི་ཡུལ་མི་དང་ལྷོ་ལམ་གཙང་སེལ་བྱེད་པོ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གིས་སྐུའི་སྲུང་བྱ་ཇི་ཞུས། རང་ཉིད་ཀྱང་སྐུའི་སྲུང་བྱར་ནོར་གླིང་ཕོ་བྲང་དུ་བཅར་བ་ནས་རྒྱ་གར་འཕགས་ཡུལ་དུ་མ་སླེབས་བར་གྱི་དམག་འཐབ་དང་འབྲེལ་བའི་སྐོར་དང༌། འབུམ་སྡེ་ལར་ལམ་བཟོའི་ཁོངས་སུ་ཞུགས་པའི་སྐོར་བཅས་ཁུངས་བཙན་ལོ་རྒྱུས་རོབ་ཙམ་རེ་བྲིས་ཡོད།
ལོ་དེའི་ནང་རྒྱ་གར་གཞུང་གི་སྣེ་བསུ་དང་སྦྲགས་ཕྱི་ཟླ་ ༤ པའི་ནང་ཤར་ཨ་སམ་ཏེ་ཛི་པུར་ཟེར་བའི་ས་གནས་སུ་༸གོང་ས་མཆོག་ཞབས་འཁོད་སྐབས་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་ཆབ་སྲིད་ཀྱི་དྲིས་ལན་བརྒྱུད་བསྒྲགས་གནང་བ་ནས་རྒྱ་གར་སྲིད་བློན་ནེཧ་རུ་མཇལ་འཕྲད་ཐོག་སྐབས་དེའི་རྒྱ་གར་མངའ་སྡེ་ཨུ་རྡར་སྤར་སྡེ་ཤི་ཟེར་བའི་ཁོངས་མ་སུ་རིར་བཞུགས་སྒར་མཛད་པ་དང༌། རིམ་བཞིན་ད་ལྟའི་བཞུགས་སྒར་རྡ་རམ་ས་ལར་སྤོ་ཤུགས་མཛད་སྐོར། བཙན་བྱོལ་བོད་ཆོས་སྲིད་གཉིས་ལྡན་གྱི་གཞུང་གི་སྒྲིག་བཀོད་དང༌། ལྷག་པར་བོད་དམངས་གཙོའི་གཞུང་གི་ལམ་ཡངས་པོར་གསར་གཏོད་གནང་བ་བཅས་ཀྱི་སྐོར། དུས་མཉམ་དུ་བཙན་བྱོལ་བོད་མི་རྒན་གཞོན་བར་གསུམ་གྱི་མ་འོངས་འདུན་ལམ་བཀོད་སྒྲིག ཆོས་སྡེ་ཆོས་བརྒྱུད་རིས་མེད་ཀྱི་བརྟན་གཞི་འཛུགས་ཐབས་སོགས་མཛད་འཕྲིན་བསྐྱངས་གནང་བའི་སྐོར་དང༌། ཐོག་མའི་བོད་མིའི་གཞིས་ཆགས་ལྷོ་ཕྱོགས་མའི་སོར་ལུགས་ཟུང་བསམ་འགྲུབ་གླིང་དུ་བཏང་སྐབས་རང་ཉིད་དང༌། བོད་ནས་ཡོང་བའི་ནང་མི་ཁག་ཅིག་གཞིས་སུ་བསྐྱོད་སྐོར་དང༌། ཁག་ཅིག་གློ་དམག་སྒར་དུ་བཏང་བའི་སྐོར་བཅས་འབྲེལ་ཆགས་སུ་བྲིས་ཡོད།
གཞིས་ཆགས་བྱ་ཡུལ་དུ་འབྱོར་སྐབས་རང་འགུལ་གྱིས་ལས་གཞིའི་བཀོད་སྒྲིག་ལྟར་གཞིས་སྒར་གཉིས་པའི་བཅུ་དཔོན་ཞིག་གི་གྲས་སུ་འཇོར་དང་སྦྱག་མ། གྲི་དང་སྟ་རེ་ལག་ཏུ་བཟུང་སྟེ་ས་རྡོ་ཤིང་གསུམ་དང་འཐབ་འཛིང་འོག རིམ་པས་གཞིས་ཆགས་ཀྱི་དོན་གཅོད་བསྐོ་འཛུགས་སྐབས་ལས་ཁུངས་སུ་རྒྱུན་སྡོད་འཐུས་མི་གཉིས་ཀྱི་གྲས་སུ་བསྡད་པ་དང༌། མཉམ་འབྲེལ་ལྟ་རྟོག་ཚོགས་མི། སྤྱི་མི་དང༌། རང་བཙན་ཚོགས་ཆུང་གི་ཚོགས་གཙོ་སོགས་མའི་སོར་གཞིས་ཆགས་ཁག་གི་གནས་སྟངས་སྐོར།
དེ་མིན་ཆོལ་གསུམ་གཅིག་སྒྲིལ་ཚོགས་པ་དང༌། ཚོ་ཁག་བཅུ་གསུམ། གློ་དམག་སྒར་གྱི་དོན་རྐྱེན། ཆུ་སྒང་གསར་རྙིང་ཞེས་ཕྱོགས་གཉིས་སུ་གྱེས་པའི་སྐོར། གཅིག་སྒྲིལ་ཚོགས་པ་ཟེར་བས་མདོ་ཁམས་ཆུ་སྒང་གཙོ་འཛིན་རྣམས་ལ་ལོག་སྨོན་སྐབས་འཚོལ་བ་ཞེས་དཀྲོག་རྐྱེན་བཟོས་པའི་དཀའ་གནད་དང་དགེ་སྐྱོན། སྐུ་ཡི་གཅེན་པོ་རྒྱ་ལོ་ལགས་དང༌། གཅིག་སྒྲིལ་ཚོགས་པ་འབྲེལ་བའི་དོགས་གཞི་ལས་འབྲུག་གཞུང་གིས་བོད་མིར་མུ་མཐུད་དཀའ་ངལ་ཆེད་བཟོ་བྱས་སྐོར་དང༌། དུས་མཚུངས་སུ་གློ་དམག་སྒར་ལ་ཕྱི་ནང་གཉིས་ཐད་ཀྱི་འགལ་རྐྱེན་བྱུང་སྟེ། མཐའ་མར་ཕྱི་ལོ་ ༡༩༧༤ ལོར་བལ་གཞུང་ནས་འགོ་འཛིན་ཁག་ཅིག་སྲོག་ཉེས་བཏང་བ་དང༌། ཁག་ཅིག་བཙོན་འཇུག་བྱས་པའི་དཀའ་རྙོག་སྐོར།
ཕྱི་ལོ་ ༡༩༧༢ ལོ་ནས་རང་ཉིད་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་སུ་བསྐོ་འདེམས་བྱུང་སྟེ་གཞིས་ཆགས་ཀྱི་ལས་འགན་ཁག་ནས་རིམ་བཞིན་དགོངས་ཞུས་ཀྱིས་བཞུགས་སྒར་དུ་སྤྱི་འཐུས་ཀྱི་ལས་འགན་དུ་ཞུགས་པ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་གནས་འདེམས་བསྐོ་བྱུང་བའི་ལས་དོན་སྐོར་དང༌། བོད་རང་དབང་བདེན་པའི་ལས་འགུལ་གྱི་དཔྱ་དངུལ་བསྡུ་དེབ་དང༌། བྱུང་འཛིན་ཀྲི་སི་བཅས་གསར་བཟོ་སོགས་ཀྱི་སྐོར་དང༌། ལས་འགུལ་དེའི་གནད་དོན་གསལ་བཀྲོལ་གྱི་འགན་འཁུར་བླངས་སྐོར་སོགས་བྲིས་ཡོད།
ཕྱི་ལོ་ ༡༩༧༦ ལོ་ནས་དྲིལ་བསྒྲགས་བཀའ་བློན་བསྐོ་སྩལ་གནང་ཞིང༌། རྒྱ་དམར་ནག་ལ་འཛིན་པའི་སྐབས་དེའི་སྲིད་བྱུས་འགན་འཁུར། དེ་རྗེས་བཀའ་ཤག་ཏུ་རྒྱུན་བཞུགས་བཀའ་བློན་དུ་གནས་སྤོས་དང༌། ཕྱི་ལོ་ ༡༩༧༩ ལོར་བོད་དང༌། རྒྱ་ནག་ཏུ་ཚོགས་མི་ལྔ་ལས་གྲུབ་པའི་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཐེངས་དང་པོ་ཆེད་བཏང་གནང་བའི་འགན་འཛིན་གྱི་ལས་འགན་བསྐུར་བའི་སྐོར་དང༌། ཕྱི་ལོ་ ༡༩༨༢ ལོར་ཚོགས་མི་གསུམ་ལས་གྲུབ་པའི་བོད་དོན་ཉམས་ཞིབ་འབྲེལ་མཐུད་སྐུ་ཚབ་ཚོགས་པའི་འགན་འཛིན་གྱི་ལས་འགན་བསྐུར་ཏེ་རྒྱ་ནག་པེ་ཅིང་དུ་ཆེད་བཏང་གནང་བའི་སྐོར། ཡང་བསྐྱར་ཕྱི་ལོ་ ༡༩༨༤ ལོར་ཉམས་ཞིབ་འབྲེལ་མཐུད་ལས་དོན་མཇུག་སྐྱོང་ཆེད་གོང་ལྟར་ཚོགས་མི་གསུམ་ལས་གྲུབ་པའི་སྐུ་ཚབ་ཚོགས་པའི་འགན་འཛིན་གྱི་ལས་འགན་བསྐུར་ཏེ་ཆེད་བཏང་གནང་བའི་སྐོར་བཅས་བྲིས་ཡོད།
ཡང་ཕྱི་ལོ་ ༡༩༨༠ ལོར་བོད་ནང་ཚོགས་མི་ལྔ་ལས་གྲུབ་པའི་གཞོན་ནུ་ལྟ་སྐོར་ཚོགས་པ་ཆེད་བཏང་གནང་བ་དང༌། དེ་རྗེས་ཚོགས་མི་དང༌། ལས་བྱ་བཅས་མི་གྲངས་དྲུག་ལས་གྲུབ་པའི་ཤེས་རིག་ཉམས་ཞིབ་ལྟ་སྐོར་ཚོགས་པ་ཆེད་བཏང་གནང་སྐོར། ཡང་ཕྱི་ལོ་ ༡༩༨༥ ལོར་ཚོགས་མི་དང༌། ལས་བྱ་བཅས་མི་གྲངས་དྲུག་ལས་གྲུབ་པའི་ལྟ་སྐོར་ཚོགས་པ་མདོ་སྨད་ཆོལ་ཁའི་ཁུལ་དུ་ཆེད་བཏང་གནང་བའི་སྐོར་བཅས་བྲིས་ཡོད།
ཕྱི་ལོ་ ༡༩༨༡ ལོ་ནས་བཀའ་བློན་རྣམ་པས་ལས་ཁུངས་སོ་སོའི་ལས་དོན་ཐད་ཀར་གནང་མ་དགོས་པར། དྲུང་ཆེ་རྣམ་པ་ལ་འགན་བསྐུར་ཏེ་བཀའ་བློན་རྣམས་རྒྱུན་དུ་བཀའ་ཤག་ནང་ལྷན་རྒྱས་གནང་སྟེ་སྤྱི་ཡོངས་ཀྱི་འཛིན་སྐྱོང་ལས་དོན་དང༌། ཁྲིམས་ལུགས། ཆབ་སྲིད་ཀྱི་ལས་དོན་ཤུགས་བསྐྱེད་ཐུབ་རེའི་འཕོ་འགྱུར་གནང་སྟེ་ལོ་གཅིག་ཙམ་སོང་རིང་ཕྱི་མིའི་ལྟ་ཚུལ་ལ་མི་བདེ་བ་ཆགས་ཀྱི་ཡོད་སྟབས། ནང་དོན་འགན་འཁུར་རང་འཇགས་ཐོག་བཀའ་བློན་རྣམས་ལས་ཁུངས་སོ་སོའི་མཚན་གནས་བཀོད་སྒྲིག་གནང་བར་རང་ཉིད་ལ་ཤེས་རིག་བཀའ་བློན་གྱི་མིང་གནས་གནང༌། དེ་དུས་བཀའ་བློན་ལས་རོགས་གཅིག་བཅས་བཀའ་བློན་བདུན་ཡོད།
ཕྱི་ལོ་ ༡༩༨༣ ལོར་བཀའ་བློན་བགྲེས་པ་རྣམས་དགོངས་ཞུ་གནང་སྟེ་བཀའ་བློན་གསུམ་གསར་བསྐོ་གནང་བ་ནས་རང་ཉིད་ཞབས་ལོ་རྒན་ཤོས་ཡིན་པའི་ཆ་ནས་རང་བཞིན་གྱིས་སྔར་ལམ་ལྟར་བཀའ་བློན་ཁྲི་པའི་འགན་ཁུར་ཐོག་ཏུ་བབས། བཀའ་བློན་ངོ་གྲངས་བཞི་ལས་མེད་སྟབས་རང་ཉིད་ལ་བཀའ་བློན་ཁྲི་པའི་འགན་འཁུར་ཐོག་ནང་སྲིད་དང༌། ཤེས་རིག་ལས་ཁུངས་གཉིས་ཀྱི་བཀའ་བློན་མིང་གནས་དང༌། དེ་རྗེས་ནང་སྲིད་དང༌། ཆོས་དོན་ལས་ཁུངས་གཉིས། ཡང་བསྐྱར་ནང་སྲིད་དང༌། ཤེས་རིག་ལས་ཁུངས་གཉིས། ཕྱི་ལོ་ ༡༩༨༨ ལོ་ནས་བཀའ་བློན་མང་དུ་སོང་སྟབས་བཀའ་བློན་ཁྲི་པའི་འགན་འཁུར་ཐོག་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་མཚན་གནས་བཅས་འཛིན་པའི་ལས་དོན་སྐོར་དང༌། ཞོར་ལྕོགས་སུ་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་སྐབས་སོ་སོར་འོས་བསྡུ་བྱེད་པ་དང༌། ཚོགས་མི། བོད་སློབ་འཛིན་སྐྱོང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་བྱས་པའི་ལས་དོན་ལ་རང་ཉིད་དང་ཐད་ཀའི་འབྲེལ་ཆགས་སྐོར་བྲིས་ཡོད།
གཞན་ཡང་ཕྱི་ལོ་ ༡༩༩༡ ཟླ་ ༥ པའི་ནང་བཀའ་བློན་གྱི་ལས་དོན་དགོངས་ཞུ་མ་བྱས་བར་གྱི་དུས་ཡུན་རིང་བཙན་བྱོལ་བོད་མི་ནང་ཁུལ་གྱི་ལྟ་ཚུལ་འདྲ་མིན་འོག་ཆོས་དང༌། ཆབ་སྲིད་འཛིན་སྐྱོང༌། སྲིད་དོན་ཟང་ཟིང་སྣ་ཚོགས་ལ་མཐོང་སྣང་མི་འདྲ་བའི་རྙོག་གྲའི་རིགས། དེ་བཞིན་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་བསྒྱུར་བཀོད་གནང་བའི་བྱུང་རིམ། དམངས་གཙོའི་ལམ་ཕྱོགས་ཀྱི་འཕེལ་རིམ་སོགས་དམིགས་སུ་བཀར་ནས་མ་ཡིན་པར་རང་བཞིན་ཅན་དུ་བྲིས་ཡོད།
རང་ཉིད་ལ་ལོ་རྒྱུས་འབྲི་བའི་ཉམས་མྱོང་ཇི་བཞིན་མེད་སྟབས་རང་རིགས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་དང༌། ཕྱི་རྒྱལ་གྱི་མི་སྣ་ལོ་རྒྱུས་འབྲི་གོམས་ཡོད་པའི་མི་གྲངས་དྲུག་ལ་ལོ་རྒྱུས་འབྲི་ཕྱོགས་བློ་འདྲི་བྱས་པར། གཅིག་གྱུར་གྱིས་སློབ་སྟོན་གནང་དོན་དུ། འཇིག་རྟེན་གྱི་བྱ་བཞག་གང་དང་ཅིའི་བྱུང་བ་བརྗོད་པ་ཐམས་ཅད་བཟང་ངན་ཡག་སྡུག་གི་དབྱེ་གསེས་མེད་པར་འབྲི་དགོས། སྔར་གྱི་ལོ་རྒྱུས་རྒྱལ་རབས་དང༌། བླ་མ་རྣམ་པའི་རྣམ་ཐར་དག་གི་ནང་དུ་ལེགས་པའི་ཆ་ཐམས་ཅད་བཀོད་པ་ལས་བྱུང་བ་བརྗོད་པ་ཐམས་ཅད་འབྲི་སྲོལ་མེད་པ་ལྟ་བུ་མཐོང་གི་ཡོད་རེད། དེ་བཞིན་དགོས་དབང་ལ་དམིགས་ཏེ་བྲིས་པ་དང༌། ཡག་སྡུག་དབྱེ་གསེས་ཀྱིས་བྲིས་པ་ཡིན་ན་དེ་དག་སྲིད་དོན་ལ་བརྩི་བ་མ་གཏོགས་ལོ་རྒྱུས་ལ་ངོས་འཛིན་བྱེད་ཀྱི་མ་རེད། ལོ་རྒྱུས་ནི་ལོ་རྒྱུས་མཁན་གྱིས་གཙོ་བོར་ཀློག་པ་མ་གཏོགས་མང་ཚོགས་སྤྱི་བྱིངས་ནས་དེ་ཙམ་ཀློག་གི་མ་རེད་ཅེས་བརྗོད་ཀྱི་འདུག
ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཡག་སྡུག་ཚང་མ་བྲིས་ན་ཡག་གི་རེད་ཅེས་བཀའ་སྩལ་བ་བཅས་ལ་བརྟེན། རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་བོད་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་མི་འདྲ་བའི་སྲིད་དོན་གྱི་རྩོད་རྙོག་མི་འདྲ་བ་མང་དག་ཅིག་བྱུང་བ་རྣམས་ལོ་རིམ་ལྟར་གང་དྲན་རང་བཞིན་ཅན་དུ་བྲིས་ཡོད།
སྐུ་སྒེར་དྲུང་ཆེ་རྟ་ར་བ་ལགས་ཀྱིས་ཕྲན་ནས་ལོ་རྒྱུས་བྲིས་རིམ་བཞིན་༸གོང་ས་མཆོག་ནས་བཀའ་སྩལ་བ་ལྟར་ཞུ་དག་དང་སྦྲགས་ཀློག་གནང་གི་ཡོད་སྟབས། གློ་དམག་སྒར་སོགས་ཀྱི་སྐོར་ཀློག་གནང་སྐབས་ཕྲན་ལ་གསུང་དོན། ཁྱེད་ཀྱིས་བྲིས་གནང་བ་འདི་དག་དངོས་གནས་བྱུང་བ་ཞིག་ཡིན་ཐག་ཆོད་རེད། ཡིན་ནའང་གང་འདྲ་ཞིག་དགའ་བ་འདུག་གམ། ད་ཆ་ང་ཚོའི་སྤྱི་ཚོགས་ནང་དེ་འདྲའི་སྐོར་ཕར་བརྗེད་འགྲོ་བ་ལྟ་བུ་ཞིག་ཆགས་ཀྱི་ཡོད་རེད། ལོ་རྒྱུས་འདི་བཀྲམས་པའི་རྗེས་སུ་བསྐྱར་དུ་རྙོག་མ་གཏིང་སློང་ལྟ་བུ་ཆགས་ཀྱི་མ་རེད་དམ་ཞེས་གསུངས། དེའི་ལན་དུ་གང་ཞིག་གནང་ན་ཡང་མ་འགྲིགས་པ་མི་འདུག འོན་ཀྱང་གློ་དམག་སྒར་གྱི་སྐོར་ཡིན་ན། ལྷ་མོ་ཚེ་རིང་གིས་ཁོ་རང་ལས་འགན་ནང་དངོས་སུ་འགན་ཁུར་མཁན་ཡིན་པའི་ཆ་ནས་ལོ་རྒྱུས་ཆ་ཚང་ཞིག་འབྲི་བཞིན་ཡོད་རེད། དེ་མཚུངས་འབའ་པ་རྒན་ཡེ་ཤེས་ཀྱིས་ཀྱང་ཁོ་རང་དམག་སར་དངོས་སུ་སོང་བའི་ལོ་རྒྱུས་ཤིག་འབྲི་བཞིན་ཡོད་རེད། ཁོང་གཉིས་ཀྱི་བྱུང་བ་བརྗོད་པ་རྣམས་གཞི་རྐང་བོད་བསྟན་སྲིད་དོན་ལ་དམིགས་པ་གཅིག་གྱུར་ཡིན་ནའང་། ལས་དོན་བྱེད་ཕྱོགས་ཀྱི་ཐད་ནས་མཐའ་མར་བསམ་བློ་མི་མཐུན་པར་ཕྱོགས་གཉིས་སུ་ཆགས་པ་ཞིག་ཡིན་སྟབས་ལོ་རྒྱུས་མི་འདྲ་བ་རེ་ཡོང་གི་རེད།
ཕྲན་གྱིས་བྲིས་པ་དེ་དག་གློ་དམག་སྒར་ནང་གླེང་རྙོག་ཆགས་པའི་འགོ་ཚུགས་པ་ནས་བཟུང་གི་བྱས་བྱུང་ལ་འབྲེལ་ཡོད་འཁུར་ལེན་བྱས་པའི་ལོ་རྒྱུས་གསུམ་པ་ཞིག་ཆགས་ཀྱི་ཡོད་སྟབས་ལོ་རྒྱུས་མཁན་གྱི་དཔྱད་གཞིའི་ཆ་རྐྱེན་ཞིག་ཏུ་འགྱུར་རྒྱུ་ཡིན་ཚུལ་ཞུས་པ་ཡིན། བདག་གིས་དངོས་ཡོད་དཔང་འཕེར་བྲིས་པ་མང་པོ་ཞིག་ཁོང་རྣམ་པ་གཉིས་ཀས་བྲིས་མེད་པ་ཐག་བཅད་ཐུབ། རེ་ཟུང་ནོར་སྲིད་པ་ལས་ཧེ་བག་ཆེད་བཟོ་དགོས་དབང་དུ་བྲིས་པ་གཏན་ནས་མེད།
དེ་བཞིན་ཕྱི་ལོ་ ༡༩༥༠ ལོར་ཆབ་མདོ་ཁུལ་གུང་ཁྲན་དམག་གིས་བཙན་བཟུང་བྱས་མ་ཐག་བཀའ་བློན་ང་ཕོད་ཀྱིས་གཙོས་བོད་གཞུང་གི་གོ་གནས་ཡོད་པའི་ཆེ་འགོ་རྣམས་གུང་དམག་གིས་བསྡུ་སྐོང་ཚོགས་འདུའི་སྐབས་མདའ་དཔོན་མུ་བྱ་བ་ནས་རུམ་དུ་ཐུང་མདའ་ཁྱེར་ཡོད་ལུགས་བྲིས་ཡོད་པར། སྐུ་སྒེར་དྲུང་ཆེ་རྟ་ར་ལགས་ནས་སྐབས་དེ་དུས་མུ་བྱ་བས་ཀྱང་གུང་དམག་ལ་མགོ་བཏགས་ཞུས་ཟིན་སྟབས་ཐུང་མདའ་རུམ་དུ་ཡོད་མེད་ཤེས་ཀྱི་མ་རེད་ཅེས་མཆན་བུ་བཀོད་གནང་འདུག དེ་ལ་ཕྲན་ནས་དེའི་ཐད། འོལ་ཚོད་དང་རྫུན་ཚིག་གཏན་ནས་མིན། དཔའ་བོ་མུ་བྱ་བ་དཔོན་དམག་གིས་རུ་ཚ་ལ་ནས་རྒྱ་དམག་དང་འཐབ་འཛིང་བྱེད་བཞིན་དུ། མདོ་སྤྱིས་ཆབ་མདོ་ས་ཤོར་བ་ཡིན་སྟབས། མུ་བྱ་བས་གུང་དམག་ལ་བང་མི་བཏང་སྟེ་འོས་ལངས་ཀྱིས་བོད་དམག་གིས་མགོ་བཏགས་ཞུ་རྒྱུ་ཡིན་པས་གོ་མཚོན་རྩིས་ལེན་བྱས་འཐུས་བརྗོད་དེ་ལག་བསྟར་བྱས་པ་ཞིག་ཡིན་དུས། གོ་མཚོན་གང་ཞིག་རྩིས་སྤྲད་པ་དེ་ལས་དམངས་དང་བཅས་པར་ལུས་བཤེར་བྱ་སྲོལ་མེད་པས་རེད། མདའ་དཔོན་ལས་ལྷག་རུ་བརྒྱ་རྣམས་ཀྱི་རུམ་ལ་ཐུང་མདའ་ཡོད་ན་ཡང་རང་སོར་ལྷག་ཡོད་པ་རེད་ཅེས་ཞུས་ཏེ་རང་སོར་བཞག་ཡོད།
ཡང་དེ་མཚུངས་བོད་གཞུང་གིས་ཆབ་མདོ་ནས་བཟུང་གུང་དམག་འགོག་ཐབས་མ་ཐུབ་པར་ཛ་དྲག་ཆེ་བའི་སྐབས་རྟ་དང་མདའ་དཔོན་འགོ་དམག་བཅས་པས་གུང་དམག་ལ་མགོ་བཏགས་ཞུས་པ་དང༌། རྒྱལ་པོ་སྟག་བྲག་གི་སྐོར་སོགས་ཀྱི་སྐབས་ཡས་མས་སུ། ལྷ་སའི་མི་དམངས་ཀྱིས་རང་བཞིན་དམངས་གཞས་གསར་ལེན་གྱི་གླུ་ཚིག་འགའ་ཞིག་བླངས་ཚུལ་བྲིས་ཡོད་པར། སྐུ་སྒེར་དྲུང་ཆེ་རྟ་ར་ལགས་ཀྱིས་སྟག་བྲག་ནས་གང་ཡོང་ཅི་ཡོང་གནང་ཡོད་པ་རེད། དེ་ཙམ་སྡུག་པ་ཡོད་མ་རེད་ཅེས་བྲིས་བསུབ་གནང་འདུག
ཡང་དེ་དང་འདྲ་བར། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པར་ནོར་གླིང་དུ་ཟིང་ལངས་བྱུང་སྐབས། ང་ཚོ་སྦྲ་ནག་ཞོལ་འོད་ཟེར་བླ་བྲང་ནང་ཡོད་པར། ཐོ་རེངས་དེར་དེ་ཕྱོགས་ཀྱི་མི་རྣམས་ཀྱིས་སྔ་ཉིན་རྒྱ་མིའི་དམག་སྒར་གསར་པའི་ནང་༸གོང་ས་མཆོག་གཟིགས་མོར་གདན་ཞུ་བྱེད་མཁན་རྒྱ་མི་གསུམ་ནོར་གླིང་ཕོ་བྲང་གཟིམ་ཆུང་དུ་བཅར་སྐབས། མཁན་ཆུང་རྟ་ར་ལགས་ཀྱིས་གཟིམ་ཆུང་གི་སྒོ་ཡོལ་ཕག་ནས་ཉན་རྣ་བྱས་དུས་༸གོང་ས་མཆོག་གཟིགས་མོར་ཕེབས་རྒྱུའི་ཞལ་བཞེས་མཛད་པ་གོ་བ་རེད། དེས་ན་ཕེབས་བློས་བཟོད་ཐབས་མེད་ལུགས་སྐོར་གསང་བརྡ་ཡོང་བ་རེད་ཅེས་འུར་སྒྲོག་བྱས་ཚུལ་བྲིས་ཡོད་པར། སྐུ་སྒེར་དྲུང་ཆེ་རྟ་ར་ལགས་ནས་དེའི་སྐོར་བདེན་འབྲེལ་མ་རེད་ཅེས་བྲིས་བསུབ་གནང་འདུག འོན་ཀྱང་དེའི་སྐོར་རང་ཉིད་ཀྱིས་བྲིས་པའི་ནང་དུའང་རྗེས་སུ་ལྟ་དུས་དེ་དག་བདེན་འབྲེལ་རེད་མི་འདུག་ཅེས་བྲིས་ཡོད་པ་དང༌། གཞི་རྩའི་ཚིག་བརྗོད་བདེན་འབྲེལ་མིན་ནའང༌། སྦྲ་ནག་ཞོལ་ཕྱོགས་སུ་དེ་ལྟར་གླེང་ཕྱོགས་འུར་བཤད་བྱས་པ་ནི་དངོས་བདེན་རང་ཡིན་པས་རང་སོར་བཞག་ཡོད། དེ་དང་དེ་འདྲ་གང་ཅིའི་ཐོག་ཐུགས་འཁུར་གྱིས་ཡིན་མིན་དབྱེ་འབྱེད་དང༌། དོགས་སེལ། ཞུ་དག་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས་རང་ཉིད་ཀྱིས་གང་བྲིས་པ་དག་དངོས་ཡོད་གོ་དོན་ངེས་གཏན་ཡོད་པ་ཞིག་ཡིན་པའི་ཡིད་ཆེས་བྱུང༌།
གཞན་ཡང་བཙན་བྱོལ་དུ་འབྱོར་བ་ནས་བོད་མི་ནང་ཁུལ་རྩ་དོན་སྐྱིད་སྡུག་མཉམ་མྱོང་ཡིན་ཀྱང༌། བྱེད་ཐབས་ངོས་འཛིན་གཅིག་མཚུངས་ཡོང་མིན་གྱི་རིགས་ལས་བྱུང་བའི་ཟུང་འབྲེལ་ཚོགས་ཆུང་ཟེར་བའི་སྐོར་དང༌། ཀོང་ཞིབ་ཚོགས་ཆུང་གི་སྐོར། བོད་མི་མང་སྤྱི་འཐུས་བསྐོ་འདེམས་ཐད། ཆོལ་གསུམ་སོ་སོར་མ་ཡིན་པར་སྤྱི་མཉམ་ཐོག་འོས་འདེམས་དགོས་ལུགས་སྐོར། པ་སངས་ནག་པོ་ཟེར་བའི་སྐོར་སོགས་ཀྱང་དངོས་ཡོད་རྣམས་གང་དྲན་དུ་ཧེ་བག་མེད་པ་བྲིས་ཡོད།
དེ་མིན་བཙན་བྱོལ་གཞུང་དམངས་ཀྱི་བྱས་བྱུང་ཡོད་ཚད་ཡིག་རྫོབ་མང་བས་འབྲིར་མི་ལོང་མོད། འོན་ཀྱང་དགའ་འདེམས་དགོས་དབང་ཡག་སྡུག་དབྱེ་གསེས་མ་ཡིན་པ། དུས་སྟོན་མཛད་སྒོ་སོགས་དང༌། འཆར་ཅན་མ་ཡིན་པའི་རིགས། དེའང་རང་ཉིད་དང་ཐད་ཀའི་ལས་དོན་འབྲེལ་ཡོད་རྣམས་བྲིས་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྒྱ་མཚོ་ལས་ཟབ་ཅིང༌། རི་བོ་ལས་ལྕི་བ་བསྐྱངས་པའི་རྣམ་ཐར་ཡོད་པ་ལས་རང་ཉིད་ནས་གཞུང་གི་འགན་འཁུར་ཞུས་པའི་རིང་གི་ཐད་ཀར་འབྲེལ་ཡོད་ཉུང་ཟད་རེ་བྲིས་ཡོད་པ་དང༌། དེ་ལ་ཡང་འགོ་འཚོས་མིན་ཐེ་ཚོམ་ཅན་རྣམས་འོལ་ཚོད་ལྟ་བུར་འབྲི་ཕོད་པ་བྱུང་མེད།
བཀའ་བློན་གྱི་འགན་འཁུར་ཞུས་པའི་དུས་ཡུན་རིང་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཡོད་སྐབས་ལ་ལྟོས་པའི་ཐད་ཀར་འབྲེལ་ཡོད་རྣམས་དང༌། ཆེས་མཐོའི་རྒྱུན་ལས་ཚོགས་འདུ་འཆར་ཅན་མིན་པའི་རིགས། དམིགས་བསལ་གྱི་ཚོགས་ཆེན་ཚོགས་པ། སི་ཊས་སི་སྦག་གི་གསུང་བཤད་སྐོར་གྱི་ཚོགས་ཆེན་དང༌། གསུང་བཤད་ཀྱི་གནད་དོན་ལག་ལེན་འཁེལ་ཐབས་ཇི་གནང༌། ཐའེ་ཝན་ལ་འཛིན་པའི་སྲིད་བྱུས། ཕྱི་ལོ་ ༡༩༨༩ ལོར་ཐའེ་ཝན་སྐོར་དམིགས་བསལ་དཀའ་རྙོག་ཇི་འཕྲད་སྐོར། བོད་ནས་གསར་དུ་ཡོང་མཁན་བོད་མི་རྣམས་ལ་ངོས་འཛིན་དང༌། སྣེ་ལེན་བྱེད་ཕྱོགས། རྒྱ་གར་སོགས་གང་ས་ནས་བཙན་བྱོལ་བ་རྣམས་བོད་ནང་དུ་གཉེན་འཕྲད་བསྐྱོད་མི་རྣམས་ལ་འཛིན་པའི་སྲིད་བྱུས། རྒྱ་གར་གཞུང་མང་གི་བཀའ་དྲིན་ངོ་ཤེས་པའི་འོག་བོད་དོན་བདེན་མཐའ་གསལ་བའི་བྱ་ཐབས་ཇི་འོས་དང་འབྲེལ་བའི་ཕྱི་ནང་གསང་གསུམ་གྱི་གནད་དོན་འབྲི་འོས་གང་ཡོད།
བཙན་བྱོལ་བོད་གཞུང་ནས་རྒྱ་ནག་གུང་ཁྲན་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཀྲང་ཡན་མིང་ཕུ་ལ་ལན་འདེབས་འགྲེལ་བཤད་ཀྱི་ཡིག་ཆ་སྤྲད་པར། བོད་ཀྱི་གཞོན་ནུའི་ཚོགས་པ་ནས་ཡིག་ཆ་དེར་ཕྱི་དཀར་པོ་ནང་ནག་པོ་ཞེས་བཀའ་ཤག་ལ་ངོ་རྒོལ་བྱས་སྐོར་བཅས་བྲིས་ཡོད།
༸རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་ནས་བོད་གཞུང་གི་བཀའ་བློན་རྣམས་༸རྒྱལ་མཆོག་ན་རིམ་གྱིས་ད་བར་ཐད་ཀར་བསྐོ་གཞག་གནང་ལམ་ཡོད་པ་དེ་འཕོ་འགྱུར་གནང་བའི་དམིགས་བསལ་གྱི་ཚོགས་ཆེན་ཐོག་བཀའ་བློན་གསར་དུ་འོས་འདེམས་གནང་སྐོར་དང་། རང་ཉིད་དགོངས་ཞུ་བྱས་པ་ནས་ཚོགས་འདུའི་ཐོག་བཀའ་སློབ་དགོངས་དོན་བཙན་བྱོལ་བོད་དམངས་གཙོའི་འཕེལ་རིམ་ལས་བཅའ་ཁྲིམས་དང༌། མ་འོངས་བོད་ཀྱི་རྩ་ཁྲིམས་མི་འདྲ་བ་ཁག་གསུམ་གྱི་འཆར་ཟིན། བར་བརྒལ་དུས་ཡུན་ཆབ་སྲིད་ལམ་སྟོན་གྱི་ཡིག་ཆ་བཅས་པའི་ཚོགས་ཆུང་ལོ་ལྔའི་རིང་གི་ལས་དོན་སྐོར་དང༌། ཕྱི་ལོ་ ༡༩༩༤ ལོ་ནས་བོད་རང་བཙན་དང༌། ལམ་དབུ་མ། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་ཟེར་བ་བཅས་དོན་ཚན་བཞི་ནས་གཅིག་གདམས་པའི་འོས་བསྡུ་གནང་སྐོར།
ཕྱི་ལོ་ ༡༩༩༦ ལོ་ནས་རང་ཉིད་བོད་ལ་གཉེན་འཕྲད་དུ་ཕྱིན་ནས་བཟུང་རྒྱ་ནག་གུང་ཁྲན་སྲིད་གཞུང་དང༌། བོད་དོན་སྐོར་གསང་འབྲེལ་ཇི་བྱུང༌། ཞིབ་འཇུག་ཚོགས་ཆུང་གི་ལས་དོན་སྐོར། ཡང་བསྐྱར་ཆུ་སྒང་གསར་རྙིང་ཟེར་བའི་སྐོར་གྱི་ནང་རྙོག་ལ་ཐད་ཀར་འབྲེལ་བ་ཇི་བྱུང་སྐོར་བཅས་རང་བཞིན་དུ་བྲིས་ཡོད། མང་པོ་ཞིག་ནས་ལོ་རྒྱུས་བྲིས་རིམ་བཞིན་པར་བསྐྲུན་བྱས་ན་ལེགས་ཚུལ་བརྗོད་མཁན་འདུག་མོད། འོན་ཀྱང་གཅིག་མཚུངས་སུ་གསུངས་དོན་ནི། ཐོག་མར་རྩོམ་པ་པོ་རང་ཉིད་ཀྱི་སྐྱེས་ཁུངས་རིགས་རྒྱུད་བཅས་ལོ་རྒྱུས་སྔོན་དུ་ངོ་སྤྲོད་འགྲོ་དགོས་པ་གསུངས་སྟབས། བདག་གིས་རང་རེ་རྣམས་མི་ཡུལ་དུ་གྱར་དགོས་པའི་རྒྱུ་མཚན་འབྲེལ་ཆགས་ཇི་ཡོད་ནས་འགོ་བཙུགས་ཏེ་ལོ་རྒྱུས་བྲིས་པའི་དུས་ཡུན་རིང་པོར་སོང་ཡང༌། རང་ཉིད་ཀྱི་སྐྱེས་ཁུངས་རིགས་རྒྱུད་སྐོར་འབྲི་རྒྱུ་རྗེས་ལུས་སུ་གྱུར་པས། དུས་ཚོད་ཕྱིར་བཤིག་གིས་རང་ཉིད་ཀྱི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་སྔོན་གླེང་འབྲི་དགོས་སུ་གྱུར།
རྩོམ་པ་པོ་རང་ཉིད་ཀྱི་ལོ་རྒྱུས་འབྲི་སྐབས་ཁམས་སྡེ་དགེ་ནས་ཡིན་པ་ཤུགས་ཀྱིས་ཐོན་པར་བརྟེན། ཀློག་པ་པོ་རྣམས་ཀྱི་སེམས་ལ་སྡེ་དགེ་ཟེར་བ་དེ་ཇི་ལྟར་ཡིན་མིན་དྲི་བ་ཞིག་ཡོང་ངེས། དེ་ལྟར་ཡིན་ན། སྡེ་དགེ་ཟེར་བ་དེ་འདི་འདྲ་ཞིག་ཡིན་པའི་སྐོར་དང༌། ༸གོང་ས་སྐུ་ཕྲེང་ན་རིམ་དང་ཆབ་སྲིད་སོགས་ཀྱི་འབྲེལ་བ་ཆེན་པོ་ཡོད་པའི་ལོ་རྒྱུས་ཤིག་འབྲི་དགོས་པ་ལྟར་བྲིས་ཡོད། སྡེ་དགེ་ནི། དགའ་ལྡན་ཕོ་བྲང་པའི་སྲིད་གཞུང་དང༌། རྒྱ་བོད་དམག་འཁྲུག་དང༌། ཆབ་སྲིད་ཀྱི་གནད་དོན་ལ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད་འདུག སྡེ་དགེའི་ལོ་རྒྱུས་སུ་ཆེས་སྔ་མོའི་བོད་ཀྱི་ལོ་རྒྱུས་ཟུར་ཆ་ཙམ་རང་ཤུགས་ཀྱིས་གསལ་བས། ཀློག་པ་པོ་རྣམས་ཀྱི་སེམས་ལ་བོད་ཅེས་པའི་ལོ་རྒྱུས་ཇི་ལྟར་ཡིན་མིན་གྱི་དྲི་བ་རང་བཞིན་དུ་ཡོང་ངེས། སྡེ་དགེ་ནི་བོད་ཅེས་པའི་རྒྱལ་ཁམས་དེའི་ཆ་ཤས་ཁམས་ཀྱི་རྒྱལ་ཕྲན་ཞིག་ཡིན་པའི་ཆ་ནས་བོད་སྤྱིའི་ལོ་རྒྱུས་བསྡུས་ཙམ་ཞིག་འབྲི་དགོས་པ་ཕྱོགས་སྒྲིག་བྱས་ཡོད།
འོ་ན་བོད་སྤྱིའི་བྱུང་རིམ་ལོ་རྒྱུས་ཕྱོགས་སྒྲིག་བསྡུས་ཙམ་ཞིག་བྲིས་པའི་ནང༌། བོད་ཡུལ་ན་འགྲོ་བ་མིའི་སྤྱི་ཚོགས་ཆགས་པ་ནས་བཟུང་གི་བྱུང་རིམ་ལས་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པ་མ་དར་བའི་གོང་རོལ་དང༌། བསྟན་པ་དར་བའི་རྗེས་སུའང་སྔ་དར་དང་ཕྱི་དར་ལ་སོགས་པའི་ཟུར་ཆ་རེ་ཤུགས་ཀྱིས་ཡོང་གི་ཡོད་སྟབས། བོད་གངས་ཅན་གྱི་ལྗོངས་སུ་ཆོས་དང༌། རིག་གཞུང་ཐུན་མོང་མ་ཡིན་པ་སྤྱི་དང༌། བྱེ་བྲག་ཏུ་རྩ་བ་གཅིག་ལ་ཡན་ལག་ལྟ་བུ་ཆོས་ལུགས་ཆོས་བརྒྱུད་བཅས་པའི་གྲུབ་མཐའི་འབྱུང་ཁུངས་སོ་སོར་རྟེན་འབྲེལ་གྱི་ས་བཅད་མ་སྟོང་ཙམ་རེ་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་ཡོད།
བོད་ཀྱི་གནས་སྟངས་ལ་ཡོ་འགྱུར་འཕར་འབུར་ཇི་སྙེད་ཅིག་ཕྱིན་ཡོད་པ་རང་བཞིན་དུ་གྱུར་པའི་ལོ་རྒྱུས་གང་ཤེས་ཆ་ཤས་ཙམ་གྱི་བྱུང་བ་བརྗོད་པ་དག་ནི། ལོ་རྒྱུས་རང་ལ་འཇོག་རྒྱུ་ལས་ལོ་རྒྱུས་ལ་ཆབ་སྲིད་ཀྱིས་ཐག་གཅོད་མི་ཐུབ་ལ། ཕྱུག་པོའི་ནོར་གྱིས་ཉོ་རྒྱུ་ཡང་མེད་པ་དང༌། མང་པོའི་ཤུགས་ཀྱིས་འཕྲོག་རྒྱུ་ཡང་མེད་པ། མཁས་པའི་གཏམ་གྱིས་བསླུ་རྒྱུ་ཡང་མེད། ལོ་རྒྱུས་འབྲི་བ་ནི། འདས་ཟིན་པའི་དངོས་བྱུང་ལོ་རྒྱུས་མཐོང་ཐོས་དྲན་རེག་ཁོ་ན་འབྲི་བ་ལས་མདུན་མཆོངས་རྒྱག་ས་ཅི་ཡང་མེད། མ་ཡིན་པ་དང༌། མ་ཤེས་པ། མི་བདེན་པའི་རིགས་དགོས་དབང་ལྟ་བུར་ཚིག་གཅིག་བྲིས་པ་ཡིན་ན། ཡིན་པ་དང༌། ཤེས་པ། བདེན་པའི་རིགས་བརྒྱ་ཐམ་པ་བྲིས་པ་རྫུན་དུ་འགྱུར་དོགས་ལ་བསམ་ནས་འཁུར་ལེན་ཆེན་པོའི་སྒོ་ནས་བྲིས་ཡོད། རང་ཉིད་ནས་གང་ཤེས་པ་དང༌། གང་མཐོང་བ་རྣམས་བྲིས་པ་དེ་ལས། མ་ཤེས་པ་རྣམས་མིན་པ་དང༌། མ་མཐོང་བ་རྣམས་མེད་པ་ལྟ་བུ་དེ་འདྲ་ནི་ག་ལ་ཡིན།
བོད་རྒྱ་དམག་འཁྲུག་སྐབས་ཀྱི་ལོ་རྒྱུས་ཟིན་བྲིས་དག་རུ་དཔོན་བསོད་ནམས་བཀྲ་ཤིས་དང༌། བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ཅན་གཞུང་དམག་རྒན་པ་ཁག་ཅིག་ནས་ཞུ་དག་ཞིབ་འཇུག་མཆན་བཀོད་གནང་ཡོད་པས་གང་བྲིས་པ་རྣམས་དངོས་བྱུང་ཁུངས་འཕེར་ཆགས་ཡོད་པ་བཅས་རྩོམ་པ་པོ་བོད་ཀྱི་བཀའ་བློན་ཁྲི་ཟུར་སྡེ་དགེ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ནས། ཕྱི་ལོ་ ཟླ་ ཚེས་ ལ་བྲིས་པར་དགེ།།



པར་སྐྲུན་གསལ་བཤད།

དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཉེ་རབས་བོད་ཀྱི་བྱུང་བ་བརྗོད་པའི་གཏམ་ཚོགས་སྲིད་འི་མེ་ལོང་ཞེས་བྱ་བའི་དེབ་ཕྲེང་འདི་རྣམས་ནི། ཐོག་མར་པ་ལགས་ཁོང་ཉིད་ནས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ལས་དོན་གྲུབ་པ་དང་ལྷན་ ༡༩༩༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁྱོད་རང་གིས་མི་ཚེའི་ལོ་རྒྱུས་ཤིག་འབྲི་རྩོམ་བྱས་ན་མི་རབས་རྗེས་མའི་ཕྱི་མིག་བལྟ་ཡུལ་གལ་ཆེ་ཆགས་ཀྱི་ཡིན་སྐོར་སོགས་བཀའ་ཕེབས་པ་ནས་བཟུང་འབྲི་འགོ་བརྩམས་གནང་སྟེ་མཐར་དགོངས་པ་མ་རྫོགས་བར་མི་ལོ་ ༡༦ ཙམ་གྱི་རིང་དུས་ཁོམ་ཡོད་ཚད་བེད་སྤྱོད་ཀྱིས་ནམ་གུང་ཆུ་ཚོད་ ༡༠ དང་ ༡༡ ཡས་མས་བར་སྐུ་ངལ་བསྐྱོན་གནང་སྟེ་ནག་འགྲོས་སུ་སུག་བྲིས་བགྱིས་པ་ཡིག་སྣོད་བཅུ་ཕྲག་གསུམ་ཙམ་ཆ་བགོས་གནང་འདུག་པ་ཕལ་ཆེ་བ་འཇུ་ཚ་ནོར་བུ་བཀྲ་ཤིས་ནས་ཀམ་པུའུ་ཊར་འཇུག་འགོད་དང་། འགའ་ཞིག་འཇུ་ཆེན་བཀྲ་ཤིས་དཔལ་འབྱོར་ནས་འཇུག་འགོད་ཀྱིས་ཡིག་སྣོད་ཆེ་བ་གཅིག་དང་སྡེ་ཚན་ཆུང་ངུ་རེ་ཟུང་ལས་གཞན་རྣམས་ཆ་ཚང་ཁོང་ཞལ་བཞུགས་པའི་རིང་འཇུག་འགོད་ཟིན་ཡོད་པ་རྣམས། ད་ལན་དེབ་གྲངས་ ༢༡ ནང་པར་སྐྲུན་ཞུས་ཡོད།
          ཁོང་གི་སྐུ་ཚེ་ཧྲིལ་པོ་བོད་བསྟན་པ་ཆབ་སྲིད་ཆེད་གཏོང་གནང་བ་དང་། སྐུ་མ་གཤེགས་པའི་གོང་ལོ་རྒྱུས་པར་སྐྲུན་གནང་ཕྱོགས་དང་འབྲེལ་བའི་སྐོར་སོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་ཞུ་ཆེད་མཇལ་ཁའི་སྙན་འབུལ་ཞུས་ཟིན་ཡོད་ཀྱང་། བསམ་ཡུལ་ལས་འདས་པའི་ངང་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ ཉིན་གློ་བུར་དུ་སྐུ་ཚེ་མ་ཟིན་པའི་ཐབས་སྐྱོའི་གནས་སྟངས་ཆགས་རྗེས་གུས་མོ་བློ་ཕམ་དང་སེམས་སྡུག་གིས་ཅི་བྱ་འདི་བྱེད་མ་ཤེས་པར་གནས་མུས་སུ་ཡོད་པའི་སྐབས་ཤིག་ལ། གཉེན་ཉེ་སྤུན་མཆེད་དང་འབྲེལ་ཡོད་ཁག་ནས་ཁོང་གིས་བྲིས་གནང་བའི་ལོ་རྒྱུས་རྣམས་མཇལ་རྒྱུའི་རེ་འདོད་དང་དོ་སྣང་གིས་སྐུལ་མ་གནང་མཁན་བྱུང་བ་དང་། མ་གཞི་ནས་པ་ལགས་ཁོང་ཞལ་མ་བཞུགས་པའི་རྗེས་ཁོང་གི་ཕྱག་ལས་ཀྱི་མཇུག་སྐྱོང་བྱ་རྒྱུའི་ལས་འགན་དེ་གུས་མོ་རང་ལ་བབ་ཡོད་པ་ལྟར། ཁོང་གིས་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་བསྐྱོན་ཏེ་བྲིས་གནང་བའི་དེབ་ཕྲེང་འདི་རྣམས་ནི་ཕ་བྱས་པ་ཅན་གྱི་རྗེས་བཞག་གི་སྙིང་ནོར་ཞིག་ལ་ངོས་ཟིན་པའི་ཐོག་ནས་པར་སྐྲུན་གྱི་ལས་འགན་དེ་འགྲུབ་པ་བྱ་དགོས་རྒྱུ་ནི་ངའི་མི་ཚེའི་རིང་གི་ལས་དོན་གལ་ཆེའི་ནང་གི་གལ་ཆེ་ཞིག་ལ་བརྩིས་ནས་འཐུས་ཤོར་དུ་མ་སོང་བའི་འགན་ཁུར་བྱ་རྒྱུའི་དམ་བཅའ་བཟུང་ཏེ་པར་སྐྲུན་གྱི་ལས་དོན་མཇུག་སྐྱོང་ཡོང་བའི་ཐབས་བརྩོན་ཞུས་པ་ཡིན།
ཁོང་ཞལ་བཞུགས་པའི་རིང་གུས་མོས་པར་སྐྲུན་གྱི་འགན་ཁུར་བྱ་དགོས་པའི་བསམ་བློ་འཁོར་མ་མྱོང་བར་བརྟེན་རྒྱུན་ལྡན་གྱི་ཕྱག་ལས་གནང་ཕྱོགས་ལ་མཐོང་ཐོས་དང་མཐུན་འགྱུར་ཙམ་ལས་ལོ་རྒྱུས་བལྟ་ཀློག་དང་དཀའ་གནད་ཇི་ཡིན། མ་འོངས་བྱ་ཕྱོགས་སྐོར་བཅས་ལ་བཀའ་འདྲི་ཞུ་རྒྱུ་དང་། དོ་སྣང་གང་ཡང་བྱུང་མེད་པས་ད་སྐབས་བློ་འགྱོད་ཀྱི་རང་བཞིན་དུ་གྱུར་ཀྱང་བྱ་ཐབས་མི་འདུག
ལོ་རྒྱུས་མང་ཆེ་བ་བྲིས་བརྩམས་ཟིན་ཡང་མཇུག་རྩོམ་འཕྲོར་ལྷག་པ་བཅས་ཁོང་གིས་བྲིས་ཟིན་པ་རྣམས་རྩོམ་སྒྲིག་གི་ལས་དོན་མཇུག་སྐྱོང་ཆེད་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སུ་རྩོམ་སྒྲིག་གི་ཐུགས་འགན་བཞེས་རོགས་ཞུས་པ་ལྟར་ཁོང་ནས་དེ་མ་ཐག་ཡིན་དང་ཡིན་ཞེས་ཞལ་བཞེས་ཀྱིས་མི་ལོ་གཅིག་དང་ཕྱེད་ལྷག་རིང་གི་དུས་ཚོད་ཕལ་ཆེར་བཏང་གནང་སྟེ་ཕྱོགས་བསྒྲིགས་དང་། ཞུ་དག མ་དཔེ་ལ་བལྟ་བསྡུར་བཅས་ཐུགས་འགན་རྐང་བཞེས་གནང་ཐོག བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་རེ་སྐུལ་ཞུས་དོན་ལྟར་ལོ་ཕྱེད་ལྷག་གི་རིང་སྔ་ལངས་ཕྱི་ཉལ་གྱིས་ལས་ཞོར་དང་། གུང་སེང་ཁག་གི་དུས་ཚོད་ཆེད་བཏང་གིས་མཐའ་མའི་ཞུ་དག་དང་། དགོས་གལ་གྱི་ལམ་སྟོན་དང་མཐུན་འགྱུར་གནང་རོགས་མཛད་སོང་།
          དེབ་ཕྲེང་འདི་རྣམས་པ་ལགས་ཞལ་བཞུགས་པའི་རིང་པར་སྐྲུན་ཐུབ་པ་བྱུང་ཡོད་ཚེ་གང་ཅིའི་དགེ་མཚན་ཆེ་བ་བཤད་མི་དགོས་པ་དང་། ད་ལན་རྩོམ་སྒྲིག་སྐབས་ཁོང་གིས་གང་བྲིས་གནང་བ་ཡོངས་རྫོགས་ཆད་ལྷག་མེད་པ་བཀོད་དེ། ཞུ་དག་གི་ལས་དོན་སོགས་ལ་འབད་པ་ཆེད་བསྐྱེད་བགྱིས་ཡོད་པས་གང་ལེགས་བྱུང་ཡོད་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་ལས་འབོར་ཆེ་བ་དང་ཉམས་མྱོང་གིས་མ་འདང་བ་སོགས་ལ་བརྟེན་ནས་ནོར་འཛོལ་གྱུར་རིགས་ཡོད་ཚེ་ཀློག་པ་པོ་ཡོངས་ལ་དགོངས་སེལ་ཞུ་རྒྱུ་ཡིན། རྩོམ་སྒྲིག་གི་ཐུགས་འགན་བཞེས་གནང་མཁན་དང་། རྒྱབ་སྐྱོར་གནང་མཁན། གཞན་ཡང་དཔེ་དེབ་པར་སྐྲུན་དང་འབྲེལ་བའི་ཕན་རོགས་གནང་མཁན་ལྟོས་བཅས་ཡོངས་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། མཐའ་དོན་པ་ལགས་ཁོང་གིས་བྲིས་གནང་བའི་ལོ་རྒྱུས་ཀྱི་དེབ་ཕྲེང་འདི་རྣམས་ནི་མི་རབས་རྗེས་མའི་ཕྱི་མིག་བལྟ་ཡུལ་གྱི་མེ་ལོང་གལ་ཆེ་ཞིག་ཏུ་ཆགས་ནས་བསྐལ་པ་ཇི་སྲིད་ནམ་གནས་བར་དུ་མི་ནུབ་པའི་སྨོན་འདུན་དང་བཅས།
འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་གྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ལ།། །།

No comments: