༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག |
ཞང་ཞུང་སྒོ་པའི་སྒོ་ཕུགས་བར་གསུམ་གྱི་སྐོར།
ཞང་ཞུང་སྒོ་པ་འདི་ལ་ཡང་སྒོ་ཕུགས་བར་གསུམ་དུ་ཡོད་དེ། ཕུགས་པ་ཁྱུང་ལུང་གི་སྐོར་དང༌།
བར་པ་དྭང་ར་སྟ་སྒོའི་སྐོར། ཕྱི་མ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་སྐོར་ཞེས་འབོད་སྲོལ་ཡོད།
གཞན་ཡང་ཞང་ཞུང་རྒྱལ་པོའི་དམག་གི་རུ་གྲལ་ལ་སུམ་པའི་སྟོང་བུ་ཆུང་ཞེས་སོགས་བཤད་པས། ཁྱུང་ཡུལ་རི་རྩེ་དྲུག་འདི་ཡན་ཆད་ཞང་ཞུང་གི་མངའ་རིས་སུ་བྱ་བར་གྲགས།
མདོ་སྨད་དུ་སུམ་པ་ཞེས་པའི་ཡུལ་རིགས་སོགས་ཡོད་པར་བཤད་འདུག་ཀྱང་དེ་ཞང་ཞུང་གི་མངའ་སྡེའི་སུམ་པ་ཡིན་མིན་བརྗོད་མ་ཤེས་སོ།
།
དེ་དུས་ཡོད་པའི་ཞང་ཞུང་གི་སྐད་དུ་སཾསྐྲྀ་ཏའི་སྐད་དུ་མ་འདྲེས་པ་འདིས་ཞང་ཞུང་གི་བོན་ལ་རྒྱ་གར་གྱི་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་པོ་ཡོད་པ་ལྟ་བུའི་བཤད་པ་བྱེད་འདུག་ཀྱང་གོང་གི་སྐད་ཀྱི་འབྱུང་ཁུངས་འདི་རྣམས་ལ་བརྟགས་ན།
སཾསྐྲྀ་ཏ་སྨྲ་བ་ཡིན་ན་རྒྱ་གར་བ་ཡིན་པས་ཁྱབ་པ་མེད་ཅིང༌། སྐད་དེ་ལས་བྱུང་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་མུ་སྟེགས་ཀྱི་ཆོས་གཉིས་པོ་གང་རུང་ཡིན་དགོས་པའི་རྒྱུ་མཚན་ཡང་མ་མཐོང་ངོ༌།
།དཔེར་ན་པ་ཤ་དང་ཨུ་རུ་སུའི་སྐད་སོགས་ལ། སཾསྐྲྀ་ཏའི་ཤན་ཞུགས་པ་ཡོད་པའི་ཕྱིར། སྟོད་རྒྱུད་ཞང་ཞུང་གི་ས་སྐོར་འདི་ལ་སོག་པོའི་ཇག་དཔུང་བྱུང་ནས་ནོར་འཕྲོག་མི་ཁྲིད་བྱེད་པ་ཐེངས་དུ་མ་བྱུང་བ་དང༌།
སྟོད་ཧོར་རམ་སེང་པས་ཀྱང་ཇག་དང་དམག་ཐེངས་དུ་མ་བྱས་པ་དབང་བསྒྱུར་བ་སོགས་ཇི་སྙེད་བྱུང་སྟེ།
དྲང་དོན་མུན་སེལ་གྱི་གཏམ་རྒྱུད་ལྡེབ་༼༡༤༥༽ སྔོན་པུ་རང་གི་རྒྱལ་པོ་དང་གར་ལོག་སོག་པོ་༼སྐད་མ་ཤེས་ནས་བྱ་སྐྱུང་ཀའི་སྐད་ལྟར་གྲགས་པ་ཞིག་གོ་ནས་མིང་དུ་བཏགས་པར་མངོན།༽
སྐྱུང་སྐད་ཀྱི་དམག་དང་འཐབ་པ་ལ་མི་ཐམས་ཅད་གྲི་རུ་བསད། ནོར་ཟས་ཐམས་ཅད་ནི་གར་ལོག་དམག་གིས་ཁྱེར།
བུད་མེད་ཐམས་ཅད་ནི་ཁོ་ཡི་ཡུལ་དུ་ཁྱེར་ནས། རང་ཡུལ་མིག་གིས་མི་མཐོང་ཞིང༌། ལོ་རེ་བཞིན་དམག་དཔུང་སྡུད་ཀྱིན་ནོར་ཐམས་ཅད་བརླག་པར་བཏང་བ་ལ།
བྲུ་ཤ་ཡུལ་གྱི་དྲང་སྲོང་བདེ་བ་རྒྱས་བྱ་བ་ཕྱི་ཡི་སྐྱབས་འགྲོ་ལ་ཡི་དམ་བྱེད་པ་ཞིག་གིས།
སྐྱབས་འགྲོ་རྣམ་པ་གསུམ་པོ་དེ། སྟག་པའི་བྱང་བུ་སོར་གསུམ་པ་རེར་བྲིས་ཀྱིན་འཕྲག་པ་ལ་བཏགས་པས།
གནོད་པ་དང་སྨས་པ་མི་འབྱུང་བར་གྱུར་ནས་མི་ཐམས་ཅད་ཡིད་ཆེས་པར་གྱུར། ཞེས་དང༌། པན་ཏའི་ཧོ་ཤ་བྱ་བ་ལ་སྟོན་པ་དགའ་ལྡན་བྱ་བ་སྐྱབས་འགྲོ་ཕྱི་ནང་གསང་བ་གསུམ།
ཀློང་དུ་གྱུར་པ་ཞིག་གིས་ཁུམས་ནས། ཞེས་པ་ནས། པུ་ཧྲེང་དུ་བྱོན་ནས་བཞུགས་ཡོད་པ་ལ་སོགས་ནས་གར་ལོག་གི་རྒྱལ་པོ་ཡན་པའི་དམག་དཔུང་ཤིན་ཏུ་ཚབ་ཆེ་བ་བྱུང་བ་ལ།
ཞེས་སོགས་གསུངས་པའི་ཕྱིར། ཡི་གེ་འདི་ཡི་ནང་དུ་སྔར་པུ་ཧྲེང་ལ་དེང་སང་པུ་རང་ནས་ཁྱེར་ནས་བོད་མིག་གིས་མི་མཐོང་ཞེས་ཟེར་ལུགས་ལ་གཞིགས་ན་པུ་རོང་བོད་ཀྱི་ཁོངས་སུ་བཙུད་ཟིན་པའི་འོག་ཏུ་ཡུལ་དེར་སོག་དམག་བྱུང་བ་ཡིན་པ་འདྲ།
དྲང་དོན་སྒྲོན་མ་མུན་སེལ་བོད་རྒྱལ་ཁྲི་སྲོང་གི་དུས་སུ་བརྩམས་པ་ཡིན་པས། བོད་རྒྱལ་ཁྲི་སྲོང་གིས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཆམ་ལ་ཕབ་པའི་ལོ་རྒྱུས་ཁུངས་མ་ཡོད་ཀྱང༌།
སྲོང་བཙན་གྱི་དུས་སུ་ཞང་ཞུང་བཏུལ་ཚུལ་ནི། དེབ་ཐེར་དཀར་པོའི་ལྡེབ་༡༢༢༽ ཞང་ཞུང་ལྟ་བུ་གཉེན་མཛད་ནས་ཀྱང་བཏུལ་ལོ།
།ཐབས་ཀྱིས་ཀྱང་བརྒལ་ཏེ། ཞང་ཞུང་བདག་མཛད་དུ། རྒྱལ་པོའི་སྲིང་མོ་བཙན་མོ་སད་མ་ཀར། ལིག་མི་རྐྱ་ལ་ཆབ་སྲིད་ལ་གཤེགས་སོ།
།བཙན་མོ་ནི་ལིག་མི་རྐྱའི་སོ་ནམ་དང་བུ་སྲིང་དུ་མི་མཛད་ཅིང༌། ལོགས་ཤིག་ནང་བཞུགས་པར། བཙན་པོ་དྲལ་གྱི་སྙན་དུ་གསན་ཏེ།
བཙན་མོ་དེ་ལྟར་ལོག་པར་མཛད་ན། ཆབ་སྲིད་ཀྱི་དཀྲུག་མར་འགྱུར་བའི། དེ་ལྟར་མ་མཛད་པར་ལིག་མི་རྐྱ་ཡི་སོ་ནམ་དང་བུ་སྲིད་ཟུངས་ཤིག་ཅེས།
སྤུག་གྱིམ་བཙན་རྨང་ཆུང་ལ་བཀའ་བསྩལ་ཏེ། ཕོ་ཉར་བཏང་སྟེ། རྨ་ཆུང་མཁར་ཁྱུང་ལུང་དུ་མཆིས་ན།
བཙན་མོ་མི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང༌། མཚོ་མ་པང་དུ་གཤེགས་འདུག་ནས། རྨང་ཆུང་མ་པང་དུ་སོང་སྟེ་བཙན་མོའི་སྤྱན་སྔར་ཕྱག་བགྱིས་ཚེ།
བཙན་མོའི་ཞལ་ནས་བཙན་པོ་དྲལ་གྱི་ཐུགས་བདེ་འམ་མི་བདེ། ཞེས་དྲི་བ་མཛད་པར། ཐུགས་བདེ་ཞེས་གསོལ་ཏོ།
།རྨང་ཆུང་གློ་བ་བདེ་འམ་མི་བདེ། ཞེས་སྨྲས་ན། གློ་བ་བདེ་འོ་ཞེས་གསོལ་ཏོ། །དེར་བཙན་མོ།
རྨང་ཆུང་ཁྱེད་ནི། བཙན་པོ་དྲལ་གྱི་ཞལ་སྔ་ནས་འདྲ་བས། མགྲོན་གྱི་ཕྱག་ལེན་ལོངས་ཤིག་ཅེས།
ཕྱག་ལེན་བཙལ་ནས་བཙན་མོས་མགུར་བླངས་པ། ཡུལ་གྱི་སྐལ་ཕོག་པ། ཁྱུང་ལུང་ནི་རྔུལ་མཁར་ཞིག་སོགས་སོ།
།མགུར་བླངས་པའི་རྗེས་སུ། རྨང་ཆུང་མཆི་ཕྱག་བགྱིས་པ་ལས། བཙན་མོའི་ཞལ་ནས། བཙན་པོ་དྲལ་ལ།
བཀའ་ལན་ཡི་གེར་གསོལ་བ་ཅུང་མ་མཆིས་སོ། །བཙན་པོ་ཞལ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་ལ་གློ་བ་དགའ་བོ།
།བཙན་པོས་བཀའ་བསྩལ་པ་ནི། རྔོ་ཅི་ཐོགས་ཀྱིས་འཚལ་ཞིང་མཆིས་སོ། །བཙན་པོའི་ཕྱག་ཏུ་འདི་ཕུལ་ཅིག་ཅེས་ཞུ་གཡག་གཅིག་ཕྱག་རྒྱས་བཏབ་ནས་བཀུར་རོ།
།རྨང་ཆུང་སླར་བཙན་པོའི་སྤྱན་སྔར་མཆིས་ནས། བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས།
མགུར་བླངས་པའི་ཚིག་འདི་ཞེས་མཆིས་ཕྱག་རྒྱས་བཏབ་སྟེ་བཀུར་བ་ནི་འདི་ལགས་ཞེས་གསོལ་བ་ལས།
བཙན་པོས་རྒྱ་ཕྱེས་ནས་གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོས་དགོངས་དགོངས་ནས་ཡུ་བུས་ལིག་མི་རྐྱ་ལ་རྒོལ་ཕོད་ན་ནི་གཡུ་ཐོགས་ཤིག་རྒོལ་མ་ཕོད་ན་ནི་བུད་མེད་དང་འདྲ་བས་ཞུ་གྱོན་ཟེར་བ་ལྟ་ཞེས་བཀའ་སྩལ་ནས།
རྗེ་བློན་ཀུན་བློང་བློང་སྟེ། ལིག་མི་རྐྱའི་སྲིད་བརླག་གོ །ཞེས་ལིག་མི་རྐྱ་ཡི་སྲིད་བརླག་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ
།ཞེས་བཤད་པས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཟེར་བ་འདིའི་མིང་ཞང་རྒྱལ་དུ་མའི་མིང་གི་ཟུར་དུ་ཡོད་པ་སྟེ།
དཔེར་ན་བོད་ཀྱི་རྒྱལ་པོའི་མིང་ཟུར་ལ་བཙན་པོ་ཡོད་པ་བཞིན་ནོ། །
དེ་ཡང་ལིག་མི་སྲིད་པ་དང་རྐྱ་ནི་རྗེ་ལ་འཇུག་པས་སྲིད་པའི་རྗེ་ཞེས་ཞང་ཞུང་གི་རྒྱལ་པོ་མང་པོའི་མཚན་གྱི་ཟུར་དུ་ཡོད་པ་འདྲ།
ཡང་ལྡེབ་༡༧༨༽ ཤིམས་ཀྱི་གུ་རན་དུ་ཞང་ཞུང་གིས་མཁོན་བགྱིས་ཏེ་ཞེས་དང་ལྡེབ་༡༧༩༽ ཞང་ཞུང་ངོ་ལོག་ཅིང་ཞེས་པས་རྒྱལ་པོ་དེའི་རྗེས་སུ་རིམ་བཞིན་ཞང་ཞུང་གི་ངོ་ལོག་སྟེ་བོད་ལ་འཁྲུགས་པ་བྱས་ནས་མཐར་ཁྲི་སྲོང་གི་དུས་སུ་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱའི་ཆུན་མས་བསླུས་ནས་ཞང་རྒྱལ་བཀྲོངས་པའི་གནས་དྭང་ར་ཁྱུང་རྫོང་གི་ཉེ་སར་ཡིན་ལ།
སྔོན་མ་ཞང་རྒྱལ་བཏུལ་ས་ཁྱུང་ལུང་དུ་ཡིན་པར་མངོན་པས་དུས་དང་ལས་དོན་གཏན་ནས་མི་འདྲ་བས་འདིའི་ཚུལ་ལ་མགོ་མི་རྨོངས་པར་དགོས་སོ།
།
ཁྲི་སྲོང་གི་དུས་སུ་ཞང་རྒྱལ་བཅོམ་ཚུལ་ནི། ཞང་ཞུང་གི་རྒྱལ་པོ་བོད་ཀྱི་རྒྱལ་པོས་མངོན་དུ་འདུལ་བ་མི་ཐུབ་པས།
བོད་ཀྱི་རྒྱལ་པོས་ངན་གཡོས་འདུལ་སྙམ་ནས། ཞང་ཞུང་རྒྱལ་པོ་ལ་བཙུན་མོ་གསུམ་ཡོད་པའི་ཆུང་ཤོས།
གུ་རུབ་ཟ་སྣང་སྒྲོན་ལེགས་བྱ་བ། ལོ་བཅོ་བརྒྱད་ལོན་པ་ཞིག་ཡོད་པ་དེ་ལ། བོད་ཀྱི་རྒྱལ་པོའི་འཕྲིན་བློན་ཞེ་ངན་ལ་ཁོང་གདུག་པ།
སྣང་ནམ་ལེགས་གྲུབ་བྱ་བ་ཞིག་གིས། གསེར་ཕྱེ་འབྲོང་རུ་གང་ཁྱེར་ཏེ། སྣང་སྒྲོན་ལེགས་ལ་བྱིན་ནས་འདི་སྐད་སྨྲས་སོ།
།སྣང་སྒྲོན་ལེགས་མ་ཁྱོད་ལྟ་བུ། ཞང་ཞུང་རྒྱལ་པོའི་ཁབ་གྱི་ཡང་ཆུན་བྱེད་པ། ཁྱོད་རང་ཨ་ཅང་ཆེས་ཏེ།
བོད་ཀྱི་རྒྱལ་པོས་ཀྱང་མི་བཟོད་པར་འདུག་པས། འདི་སྨད་པའི་ཐབས་ཡོད་དམ། ཡོད་ན་ཁྱོད་རང་བོད་ཀྱི་རྒྱལ་པོའི་ཁབ་ཀྱི་ཡང་ཆེན་མ་བྱ།
བོད་ཀྱི་མངའ་རིས་ཀྱི་སུམ་གཉིས་སྟེར་བར་འདུག་གོ །སྨྲས་པས། སྒྲོན་ལེགས་མས་ན་རེ། ཞང་ཞུང་རྒྱལ་པོ་ལ་དམག་ས་ཁེབ་པར་ཡོད།
བོད་ཀྱི་རྒྱལ་པོ་ལ་དམག་བ་བྲེ་མོའི་གཞུང་ཙམ་ལས་མེད་པས། མངོན་དུ་བཏུལ་དུ་མི་ཐུབ་པས། ངན་དང་ཐབས་ཀྱིས་འདུལ་ན།
ཞང་ཞུང་རྒྱལ་པོ་ནི་ཟླ་བ་ཕྱི་ཏ་ལ། ཞང་ཞུང་ཡུལ་ནས། སུམ་པ་གླང་གི་གྱིམ་ཤོད་དུ། སྐུ་རྐྱེན་དང་ཆས་ནས་མདུན་མ་ལ་བཞུད་ཀྱི།
དེར་སྒུགས་ལ་བཀྲོང་མཛོད་ཅིག་དེའི་བྱ་གཏོང་བདག་གིས་བྱ་ཟེར་ཏེ། བུད་མེད་ཀྱི་བློ་ལ་ལྟོས་པ་ཅི་ཡང་མེད་པས་དེ་སྐད་སྨྲས་སོ།
།ཚེས་དུ་ལ་འོང་བའི་བརྡ་ལ་བཙས་ཀྱི་ཁར་འཇོག་པར་ཆད་དོ། །
དེ་ནས་བོད་ཀྱི་རྒྱལ་བློན་རྣམས་དམག་མི་སྟོང་མང་པོ་དང་ཆས་འོང༌།
སྣ་ནམ་ལེགས་གྲུབ་དང་རྒྱལ་པོ་སྔོན་ལ་ལ་བཙས་ཀྱི་ཁར་བྱོན་ནས་བལྟས་པས། ས་དེར་ཆུ་སླ་ང་གང་གི་ནང་ན།
གསེར་ཆུང་གཅིག་དུང་ཆུང་གཅིག་དུག་མདེལ་གཅིག་དང་གསུམ་གདའ་འོ། །བོད་ཀྱི་རྒྱལ་པོའི་ཞལ་ནས།
ཆུ་སླ་ང་གང་ནི་ཟླ་བ་ཕྱི་མའི་ཉ་ལ་འོང་བྱ་བ་ཡིན། གསེར་ཆུང་དང༌། དུང་ཆུང་ནི་དྭང་རའི་གསེར་ཕུག་དུང་ཕུག་གཉིས་སུ་དམག་ཆོས་ལ་སྒུགས་ཤིག་བྱ་བ་ཡིན།
༼གསེར་ཕུག་དང༌། དུང་ཕུག་ཟེར་བའི་ལུང་པ་དེང་སྐབས་ནག་ཚང་སྒོ་ནག་གི་སར། དྭང་ར་ཁྱུང་རྫོང་གི་ཤར་ཕྱོགས་ཀྱི་ལ་བརྒལ་ནས་ཁ་བྱང་དུ་བལྟས་ནས་ཕྱིན་ན་འདུག་ཅིང༌།
དེང་སྐབས་ཀྱང་ས་མིང་དེ་ཁ་རང་འབོད་དོ།།༽ དུག་མདེལ་ནི། བརྣག་པ་བསྐྱེད་ལ་བསྒུགས་ནས་སོད་ཅིག་བྱ་བ་ཡིན་ཟེར་ཏེ།
བསྒུགས་སོ། །དེར་རྒྱལ་པོ་གཉིས་མཇལ་ནས། བོད་ཀྱི་དམག་མིས་ཞང་ཞུང་གི་རྒྱལ་པོ་བཀྲོངས་སོ།
།དེར་ཞང་ཞུང་འབུམ་སྡེ་ནི་ཕམ། བོད་ཀྱི་ཁྲི་སྡེ་ནི་རྒྱལ་ལོ། །ཞེས་པས་དེ་ནས་བཟུང་ཞང་ཞུང་གིས་བོད་ལ་ངོ་ལོག་བྱེད་མ་ནུས་པར་བོད་ཀྱི་འོག་ཏུ་བཙུད་དོ།
།དུས་ཚིགས་ནི་རགས་ཙམ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཡིན་པར་ཤེས་པ་ལ་དཔགས་ནས་ཤེས་སོ།
།
ཞང་ཞུང་ཡུལ་དུ་རྒྱལ་བསྟན་དར་ཚུལ།
ཡུལ་དེར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཚུལ་ཡང༌།
དང་པོ་རྣམ་པར་དག་པ་འདུལ་བའི་བརྒྱུད་རིམ་ནི། སྟོན་པ་ཁྲི་གཙུག་རྒྱལ་བ། མུ་ཆོ་ལྡེམ་དྲུག
།དམུ་ཙ་ཏྲ་ཧེ། གཙུག་སྲས་རྨ་བོ། ཁྲི་ལྡེ་གུང་གྲགས། ཁྲི་ལྡེ་འོད་པོ། ལྷང་ལྷང་གཙུག་ཕུད།
ཐང་བ་ཡིད་རིང༌། ཐུགས་དཀར་ཡེ་ཤེས། གུང་རུམ་ཡེ་ཤེས། འོད་ལྷ་གསལ་འབར། རྫུ་འཕྲུལ་ཡེ་ཤེས་དང་བཅས་པ་འདི་རྣམས་སྟག་གཟིག་གི་མཁན་རྒྱུད་དོ།
།ཞང་ཞུང་པ་ནེ་གུ། ༼དེང་དུས་ཁུ་ནུའི་སྐད་ལ་ནེ་གི་ཞེས་པ་དང་དོན་གཅིག་གམ་སྙམ།༽ གེ་ཁོད་དཔལ་བྱ་བས་མཁན་ཆེན་རྫུ་འཕྲུལ་ཡེ་ཤེས་ལས་བསྙེན་པ་རྫོགས་ནས་སྤོས་རི་ངད་ལྡན་གྱི་ཤར་ཕྱོགས་སུ་བཞུགས།
དེའི་མཁན་བུ་གཡུང་དྲུང་ཚུལ་ཁྲིམས་ནི། ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་ཕྱོགས་ཤེལ་གྱི་བྲག་དཀར་རྩེ་རྫོང་དུ།
གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས་ཏེ། གནས་སྡེ་དང་མཁས་གྲུབ་དུ་མའི་འཁོར་དང་བཅས་ཏེ་བཞུགས།
དེའི་མཁན་བུ་གཙུག་ཕུད་ཚུལ་ཁྲིམས་ཀྱིས་ཧྲོམ་པོ་དཔལ་གྱི་རི་ལ། གཡུང་དྲུང་བརྩེགས་པའི་འདུ་གནས་གསས་ཁང་བཞེངས་ཏེ།
ཞང་ཞུང་ཁྲི་སྡེ་ལ་འདུ་གནས་ཀྱིས་ཁྱབ་པར་ ༼སྟོད་ཀྱི་མཁན་རྒྱུད༽ མཛད། དེ་རྣམས་ཞང་ཞུང་རྒྱལ་པོ་བྱ་རུ་ཅན་རྣམས་ཀྱིས་ཡོན་བདག་བྱས་ཏེ་ཞབས་ནས་བཏེག་གོ
།བྱེ་མ་གཡུང་དྲུང་གི་ཉེ་སྐོར་བཀྲག་གི་ན་མ་དམར་ལྡིངས་སུ་སྔར་ལི་ངུར་ལྷ་རྩེ་ཞེས་པ་ཆགས་པའི་ཤུལ་གསལ་བར་ཡོད་ཅིང༌།
གཞན་ཡང་འདུ་གནས་འཐོར་ཤུལ་དང༌། བྲག་ཕུག་སོགས་ལ་བརྟེན་ནས་ཆགས་ཤུལ་བརྟགས་གཞིག་བྱས་ན་མང་ངོ༌།
།
གཞན་ཡང་གསང་སྔགས་དང་སེམས་སྡེའི་བོན་རྣམས་ཀྱང༌། ཞང་ཞུང་གི་ཡུལ་དུ་དར་ཞིང་རྒྱས་པ་ཡོད་ཅིང༌།
གསང་སྔགས་ཀྱང་ཞང་ཞུང་མེ་རི་དང༌། གེ་ཁོད་བདུད་འདུལ་གསང་བ་དྲག་ཆེན་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་སོགས་ཀྱི་བརྒྱུད་རིམ་ལ་བལྟས་ན་གསལ་ལོ།
།སེམས་སྡེ་ཡང༌། སེམས་སྨད་སྡེ་དགུ། བསྒྲགས་གསུམ་བཅས་དར་ཡང༌། ཁྱད་པར་དུ་ཞང་ཞུང་སྙན་རྒྱུད་ཀྱི་བོན་ལ་སྤྱད་དེ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བརྙེས་པ་བར་མ་ཆད་པ་ཉི་ཤུ་རྩ་བཞི་ཚེ་སྤུངས་ཟླ་བ་རྒྱལ་མཚན་ཡན་ཆད་དུ་བྱུང་ཞིང༌།
དེའི་སློབ་མ་རྗེ་ཏ་པི་ཧྲི་ཙ། དེའི་སློབ་མ་གྱེར་སྤུངས་སྣང་བཞེར་ལོད་པོ་ཡིན་ཞིང༌། གྱེར་སྤུངས་ཆེན་པོ་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས་དུས་ཞང་ཞུང་གི་ཡུལ་དྭ་རོག་མཚོའི་དོ་རུ་བཞུགས་ཡོད་ཅིང༌།
ཞང་རྒྱལ་གྱི་བཙུན་མོ་ཁྱུང་བཟའ་མཚོ་རྒྱལ་གྱིས་གྱེར་སྤུངས་ལ་བོད་རྒྱལ་ལ་བརྣག་པ་མཛད་པར་ཞུས་པས།
གྱེར་སྤུངས་ཀྱི་བཙོ་ཡིས་བོད་རྒྱལ་བསྡིགས་པས་བོད་རྒྱལ་གྱིས་གྱེར་སྤུངས་ཀྱི་ཅི་བགོས་མཉན་པའི་ཆད་བྱས་སོ།
།ཞང་རྒྱལ་བཀྲོངས་པའི་སྟང་ཕུལ། གྱེར་སྤུངས་ཀྱི་ཐུགས་དམ་བོན་རྣམས་མི་བསྣུབ་བཞག་པར་ཁས་བླངས་སོ།
།དེའི་དྲིན་ལ་བརྟེན་ནས་ད་ལྟ་ཞང་ཞུང་སྙན་རྒྱུད་དང༌། མེ་རི་བཀའ་མ་སོགས་གཏེར་དུ་མ་སོང་བ་མང་ངོ༌།
།
ཞང་ཞུང་གི་གྲུབ་ཐོབ་སྐྱེས་མཆོག་རྣམས་བཞུགས་པའི་ས་གནས།
ཞང་ཞུང་གི་གྲུབ་ཐོབ་རྣམས་བཞུགས་པའི་ས་གནས་ནི། གློ་ཡུལ་སྨུག་ལེ་གངས་བྲག་གི་གཡས་མདུན།
ལྷ་ཀླུ་གདུག་པའི་ཡུལ། ཁ་རང་འཇིགས་པའི་ཡུལ་རོང་དུ། ཀླུ་བྲག་གཉེན་ཞེས་བྱ་བ་བླ་ཆེན་པོ་དྲན་པ་ནམ་མཁའ།
མཐུ་ཆེན་མི་དགུ། ཞང་ཞུང་གི་གྲུབ་ཐོབ་ཁ་ལ་རག་ཤ །རག་ཤ་གློག་འཕྲེང༌། ཁ་ཁྲི་ཤོ་ན་ཡ་སོགས་ཀྱི་སྒྲུབ་གནས་རང་བྱུང་གི་བྲག་ཕུག་དང༌།
ཕྱག་ཞབས་ཀྱི་རྗེས་སོགས་དུ་མ་ཡོད། དེང་དུས་གློ་ཆུ་མིག་བརྒྱ་རྩའི་ཤར་རིའི་རྒྱུད་ཀླུ་བྲག་གི་ལུང་པའི་ཕུ་སྟོད་དུ་གསལ་བར་ཡོད་པ་ཡིན།
འཇའ་ལུས་ཉེར་བཞི་པའི་བཞུགས་གནས་ཀྱི་སྐོར། བྲག་དམར་ཆད་གཤིག་ནི་དཔོན་ཆེན་ཟླ་བ་རྒྱལ་མཚན་གྱི་སྒྲུབ་གནས།
སྤོ་དམར་དུ་ར་སངས་ཀླུ་རྒྱལ་བཞུགས། སྟག་ཐབས་སེང་གེའི་བྲག་ཏུ་ཏ་པི་ཧྲི་ཙ་བཞུགས། ནི་རིངས་སུ་ར་སངས་ཀུ་མ་ར་བཞུགས།
བྱ་ཚང་གི་གནས་སུ་གུ་རིབ་ལྷ་སྦྱིན། དྭང་ར་གཡུ་བུན་དུ་ཞང་ཞུང་སད་ནེ་གའུ་བཞུགས། སྒྲོ་རྩ་ཅན་གྱི་བྲག་ལ་གུ་རིབ་དཔལ་བཟང་བཞུགས།
འདི་རྣམས་དེང་སང་སྟོད་འབྲོག་འབྲོང་པའི་ས་ལ་ཡོད། གུ་རིབ་དཔལ་བཟང་གི་སློབ་མ་ར་སངས་ཁྲི་ནེ་ཁོད་བླ་མ་འདི་ནི་བོད་ཀྱི་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ཡིན་ཞིང༌།
མཐུ་སྟོབས་བྱིན་རླབས་ཕུན་སུམ་ཚོགས་པར་མངའ་འོ། །མཛད་པའི་བོན་ཡང་སྣང་གཤེན་གྱི་བོན་དུ་གཏོགས་པ་སྲིད་པ་སྤྱི་མདོས་དང་བླ་མེད་རྫོགས་པ་ཆེན་པོའི་གདམས་པས་སུམ་པའི་བོན་པོ་ཨ་བ་ལྡོང་སོགས་ཀྱིས་གཙོས་འགྲོ་བ་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད་དོ།
།ཞང་ཞུང་གི་ཡུལ་ས་ཏི་ཕུག་ཏུ་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་བཞུགས། མཚོ་རིའི་དོ་ལ་ཁྱུང་པོ་ལེགས་མགོན་བཞུགས།
གངས་ཏི་སེ་ལ་མ་ཧོར་སྟག་གཟིག་བཞུགས། ཡུལ་མ་མིག་གི་ནུབ་ཕྱོགས་བྲག་རོང་དཀར་པོའི་གསེབ་ཏུ་ཚེ་སྤུངས་ཟླ་བ་རྒྱལ་མཚན་བཞུགས།
ཡུལ་དྭ་རོག་མཚོ་གླིང་གི་དོ་བྲག་ཤ་བ་ཅན་ལ་སྣང་བཞེར་ལོད་པོ་བཞུགས།
གཞན་ཡང་བྱང་གནམ་མཚོའི་ནུབ་ཕྱོགས་སུ་ཡུལ་སྒོ་མང་རུ་བའི་སར་ཤ་བ་བྲག་ཟེར་བས་རྩེར་ཁང་ཞིག་ཡོད་པའི་ངོས་སུ་བྲག་ཏུ་སྒོམ་པ་ལ་བཞུགས་པའི་གནས་ཀྱང་ཡོད་པ་འདིར་ཡང་གྱེར་སྤུངས་ཀྱི་བཞུགས་གནས་ངེས་ཏེ།
ཡུལ་འདི་དང་གཤེན་གྱེར་གྱི་ཡུལ་སྡེ་རྣམས་ཀྱི་ཁོངས་སུ་གུ་རིབ་ཀྱི་རུས་མིང་ཅན་གྱི་གྲོང་པ་དུ་མ་ད་ལྟའི་བར་དུ་ཡོད།
བླ་མ་འདི་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་བཞུགས། མེ་རྒྱུང་དཀར་ནག་ཏུ་ཕ་བ་རྒྱལ་གཟིགས་གསས་ཆུང་བཞུགས།
ཕ་བ་སྟག་སླག་ཅན་ ༼འདི་ས་མིང་གཞན་དང་ནོར་བ་མིན་ན་གར་ཡོད་མ་ཤེས་སོ། །༽ བྱ་བ་རུ་དམུ་གཤེན་ཙོ་གེ་བཞུགས།
སྟ་སྒོའི་མདུན་དུ་དམུ་ཤོད་ཏྲམ་ཕུག་ཏུ་ཤོད་ཏྲམ་ཆེན་པོ་བཞུགས། དེང་སང་མིང་དེ་ཀར་ཆགས།
ད་རོག་ལྕགས་ཕུག་ཏུ་དམུ་རྒྱལ་བ་བློ་གྲོས་བཞུགས། བླ་མ་འདིའི་སྐུ་ཚེའི་སྨད་ལ་ཟང་ཟང་ལྷ་བྲག་ཏུ་བཞུགས།
ཡུལ་དྭ་རོག་གི་བྲག་རི་ལ་དཔོན་ཆེན་བཙན་པོ་བཞུགས། ཡུལ་དང་ས་འདི་རྣམས་ཕལ་ཆེར་དེང་དུས་ཀྱང་འབོད་པས་བརྡ་འཕྲོད་པ་ཡོད།
།
ལོ་རྒྱུས་ལྡན་པའི་གཞུང་ལས་བྱུང་བའི་དངོས།
།
དངོས་སུ་མཐོང་ཚེ་ལོ་རྒྱུས་ཅན་གྱི་ཡུལ།
།
ཡུལ་ཅན་འགྲོ་བ་མཆོག་དམན་ཕལ་པ་གང༌།
།
གང་བྱུང་རྟོགས་འདི་རྟོག་གེས་དཔྱོད་ཚུལ་ཡིན།
།
གཏན་ཚིགས་ལྡན་པའི་ལོ་རྒྱུས་ལུས་ཕྲའི་བཞིན། །
གཙང་མཛེས་གསལ་བར་ངོམས་ཀྱང་ཕྱོགས་ལྷུང་གི །
ན་ཚོད་བགྲེས་པོས་འདྲེན་བྱེད་ཡུལ་དཀའ་ན། །
འཁྱོག་བཤད་འཁར་བར་རྟག་ཏུ་བརྟེན་པར་མཛོད། །
མུ་འགོད། ཐ་ཚན་མུ་ཙུག་སྨར་རོ།།
No comments:
Post a Comment