༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།
འཛམ་གླིང་མི་ཡི་གྲོལ་ཚུལ།
འཛམ་གླིང་མི་ཡི་གྲོལ་ཚུལ་མདོ་སྡེ་དྲི་མེད་གཟི་བརྗིད་ཀྱི་རྗེས་སུ་འབྲངས་ཏེ་བཤད་པ་ལ།
ཇ་༢༢༨༽ ཡེ་སྨོན་འཕྲུལ་གྱི་རྒྱལ་པོ་དང་། རྫུ་འཕྲུལ་མི་མོའི་སྤྲུལ་པ་ལས། ཕྱྭ་དམུ་གཙུག་དང་གསུམ་དུ་སྲིད།
ཆེ་བ་ཕྱྭ་རྗེ་སྒམ་པོ་དང༌། དེ་འོག་དམུ་རྗེ་བཙུན་པོ་དང་། གཅུང་པོ་གཙུག་རྗེ་ཨོག་སྐོ་གསུམ།
གཅེན་པོ་ཕྱྭ་རྗེ་སྒམ་པོ་དང༌། འོད་ལྡན་ལྷ་མོ་བཤོས་པ་ལས། ཡེ་མཁྱེན་འཕྲུལ་གྱི་རྒྱལ་པོ་སྲིད།
དེ་དང་གནམ་གནས་བུ་གཅིག་ལས། སྲིད་པ་སྨོན་པའི་དབུ་ནག་སྲིད། དེ་དང་ཡོབ་ཆགས་འོད་མ་ལས། ཕྱྭ་རྒྱལ་ཡེ་མཁྱེན་ཐང་པོ་སྲིད།
དེ་དང་ལྷ་ལྕམ་བསྡེབས་པ་ལས། སྲིད་པ་ལྷ་བུ་ལོད་པ་སྲིད། དེ་དང་དམུ་ལྕམ་དྲལ་མ་ལས། རྫུ་འཕྲུལ་གསེར་གྱི་མི་ཐུང་སྲིད།
དེ་དང་དུང་ལྕམ་དངུལ་མོའི་སྲས། ཕྱྭ་རབ་སྟག་ཆ་འལ་འོལ་སྲིད། དེ་དང་མཚམས་ཟ་ཁྱད་འཁྱུད་ལས།
སྲིད་པའི་ལྷ་རབས་མཆེད་བཞི་སྲིད། ཆེ་བ་ཡ་བླ་བདལ་དྲུག་ད་། དེ་འོག་འོད་དེ་གུང་རྒྱལ་དང་།
དེ་འོག་ཁྲི་ལྡེ་སུམ་པོ་དང་། ཆུང་བ་ཕྱྭ་བླ་འབྲང་ཤིང་དང་། ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་ལ། ཐུགས་ཀར་ལྷ་རབས་གཉེན་པོ་དང་།
འཛམ་གླིང་སྒོ་བཞིའི་མི་རུ་གྲོལ། དེ་འོག་འོད་དེ་གུང་རྒྱལ་ལས། གེ་ཁོད་གཉེན་གྱི་ལྷ་རབས་གྲོལ།
དེ་འོག་ཁྲི་ལྡེ་སུམ་པོ་ལས། རྫུ་འཕྲུལ་ཡུལ་སའི་གཉན་དམག་གྲོལ། ཕྱྭ་བླ་འབྲང་ཤིང་དགུང་དུ་གཤེགས། དམུ་ལ་དམུ་རྗེ་བཙུན་པོ་དང༌།
ལྷ་མོ་གུང་ཐང་སྤྲུལ་པ་ལས། ནམ་མཁའི་མུ་ལ་འཐེན་པ་དང༌། སྲིད་པའི་དམུ་རབས་འཐེན་དགུ་སྲིད།
དམུ་རབས་འཐེན་དགུའི་ཐ་མ་ལ། རྒྱལ་རིགས་དཔག་པའི་མི་རྣམས་དང༌། རྗེ་རིགས་བྲམ་ཟེ་རྨང་རིགས་ཏེ།
འཛམ་གླིང་སོག་ཁའི་མི་རུ་གྲོལ། གཙུག་ལ་གཙུག་རྗེ་ཨོག་སྐོ་དང༌། ཕྱྭ་དམུ་གཙུག་གསུམ་སྤྲུལ་པ་ལས།
འཛམ་གླིང་སོག་མཚོའི་མི་རུ་གྲོལ། ཞེས་སོགས་དང༌།
ཡང་མདོ་དྲི་མེད་ཀྱི་སྣང་གཤེན་ཐེག་པའི་མདོ་ལྡེབ་༥༧༧༽
དེ་འོག་ཡེ་རྗེ་སྨོན་པ་ལས། སྲིད་པ་ཆགས་པའི་གཞི་མ་དང༌། མི་རྒྱུད་གྲོལ་བའི་རུ་མ་དང༌། གཡས་ཀྱི་གསེར་རི་གཡུ་ལུང་དང་།
གཡོན་གྱི་དུང་རི་མཆོང་ལུང་དང༌། ཐད་ཀྱི་ཤེལ་བྲག་འོད་མཚོ་ལས། སྒྲ་བླ་སྨོན་པ་སེང་གསུམ་སྲིད།
དེ་ལས་སྲིད་ཅིང་གྲོལ་བ་ཡི། མི་རྒྱུད་རེ་ལ་སྒྲ་བླ་རེ། སྒྲ་བླ་རེ་ལ་ལྷ་དམག་རེ། ལྷ་དམག་རེ་ལ་ཁ་འཛིན་རེ།
ཁ་འཛིན་རེ་ལ་རྫི་བུ་རེ། ཞེས་དང་། ཡང་མདོ་དེའི་ལྡེབ་༥༨༢༽ ནས། སྲིད་པའི་གྲོལ་ཕུགས་འདི་དག་ལ།
དང་པོ་མ་སྲིད་སྲིད་པ་དང་། རྒྱུ་མཐུན་སྲིད་ལ་འབྱུང་སྲིད་དང་། འོད་གསལ་ལྷ་ལས་གྲོལ་བ་དང༌།
ལྷ་ལས་མི་རུ་ཆད་པ་དང་། མི་ལས་སྤྱི་སྒོ་བྱེ་བྲག་སྟེ། ཡེ་རྗེ་སྨོན་པའི་ཆོ་རབས་ལས། ཞེས་སོ།
།
རྫོགས་པ་ཆེན་པོ་ཡོངས་རྩེ་ཀློང་ཆེན་གྱི་འགྲེལ་བ་ཉི་ཟེར་སྒྲོན་མར།
ལུང་དྲངས་པར། དང་པོ་ནི་ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན་གྱིས། སངས་པོ་ལ། འགྲེང་མི་ལ་ནི་མགོན་མེད།
དུད་འགྲོ་ཕྱུགས་ལ་ནི་སྐྱབས་མེད་པས། འགྲོ་བའི་དོན་དུ་སྲས་སྤྲུལ་པའི་བསྐུལ་བཏབ་པས། དེར་ཡབ་སངས་པོ་དང༌།
ཡུམ་ཆུ་ལྕགས་གཉིས་འཚོས་པ་ལས། སྲས་ཕོ་དགུ་མོ་དགུ་བཅོ་བརྒྱད་འཁྲུངས། དེའི་སྲས་དགུའི་གཅེན་པོ་སྲིད་རྗེ་འབྲང་དཀར་དང༌།
ལྷ་ཟ་ངང་གྲགས་གཉིས་འཚོས་པ་ལས། སྲས་ཕོ་བཅོ་བརྒྱད་དང་མོ་བཅོ་བརྒྱད་འཁྲུངས། དེའི་སྲས་ལྷ་རབས་གཉན་གྱི་རྗེ་དང་སྲིད་ལྕམ་ལི་ངུར་འཚོས་པ་ལས།
ལྷ་སྲས་གནམ་ལྷ་དཀར་པོ་འཁྲུངས། དེ་ནས་ཡབ་རེར་སྲས་རེ་གཅིག་བརྒྱུད་འཐེན་དགུ་བྱུང༌། གནམ་ལྷའི་སྲས་གནམ་འཐེན་རྗེ།
དེའི་སྲས་དགུང་འཐེན་རྗེ། དེའི་སྲས་སྤྲིན་འཐེན་རྗེ། དེའི་སྲས་ཆར་འཐེན་རྗེ། དེའི་སྲས་ཝལ་འཐེན་རྗེ།
དེའི་སྲས་རླུང་འཐེན་རྗེ། དེའི་སྲས་འཕང་འཐེན་རྗེ། དེའི་སྲས་འཐེབ་འཐེན་རྗེ། དེའི་སྲས་མང་འཐེན་རྗེ།
དེ་དང་དམུ་དུན་རལ་གཅིག་མ་འཚོས་པ་ལས། བར་སྣང་གི་ལྷ་སྲས་གསུམ་བྱུང་སྟེ། འཕྲུལ་ཆ་འ་འོལ།
ཁྲི་ཆ་འལ་འོལ། སྟག་ཆ་འལ་འོལ་དང་གསུམ་མོ། །འཕྲུལ་ཆ་ལས་རྫུ་འཕྲུལ་གྱི་ལྷ་རབས་འབུམ་དུ་གྲོལ་ཏེ།
ཕལ་ཆེར་གནམ་གྱི་གཟའ་སྐར་དུ་སོང༌། ཁྲི་ཆ་ལས་རྫུ་འཕྲུལ་གྱི་ལྷ་རབས་བྱེ་བར་གྲོལ་ཏེ། གཡེན་ཁམས་ཀྱི་ལྷ་མ་ཡིན་དུ་སོང༌།
སྟག་ཆ་དང་མཚམས་ཟ་ཁྱ་འཁྱུད་འཚོས་པ་ལས་སྲས་ཡབ་ལྷ་བདལ་དྲུག་འཁྲུངས། དེ་དང་མཛེས་ལྡན་མ་གཉིས་འཚོས་པ་ལས།
སྲས་བདུན་འཁྲུངས་ཏེ། ཡར་གྱི་གཅེན་གསུམ་བསམ་གཏན་གོང་མར་གཤེགས། མར་གྱི་གཅུང་གསུམ་སྲིད་པའི་ཡུལ་ལྷར་གྲོལ་ཏེ།
གངས་རི་གཡའ་རི་བྲག་མཚོ་ཆུ་ཤིང་ངམ་གྲོག་ཤ་ཤོར་གྱི་བདག་པོ་བྱེད་དོ། །
བར་པ་ཁྲི་བར་བདུན་ཚིགས་ཞེས་ཀྱང་བྱ།
ལྷ་རབས་གཉེན་རུམ་རྗེ་ཞེས་ཀྱང་བྱ། དེ་ཡབ་ཀྱིས་འཛམ་གླིང་གི་རྒྱལ་པོར་བཏང་བས། མི་ཐམས་ཅད་ཀྱི་གཙུག་ཏུ་ཁུར་བས།
མཚན་གཙུག་ཁྲི་བཙན་པོ་ཞེས་ཀྱང་བྱ། མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱའོ། །འཛམ་གླིང་མིའི་རྒྱལ་པོ་ལ་དེ་བས་སྔ་བ་མེད་དེ།
མི་ཡི་ཚེ་ཚད་འབུམ་པ་དང་བརྒྱད་ཁྲིའི་མཚམས་སུ་བྱུང་བའོ། །
རྩ་འགྲེལ་ལས།
མང་པོས་བཀུར་བའི་རྒྱལ་པོ་ནི། ཚེ་ལོ་འབུམ་པ་མར་གཉའ་ཆག་པའི་དུས་སུ་བྱུང༌། ཞེས་སོ། །ཞེས་གསུངས།
མི་ལོ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་སོ་གཉིས་གོང་ནས་བྲིས་པའི་ཡི་གེ་ལི་ཡུལ་ཏུན་ཧུང་ནས་ཐོན་པའི་ཤོག་འཁྱལ་ལས།
གནམ་ལྷབ་ཀྱི་བླ་ན་ཡབ་ལྷ་བདལ་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཚིགས་དང་བདུན།
ཁྲིའི་བདུན་ཚིགས་ཀྱི་སྲས། ལྡེ་ཉག་ཁྲི་བཙན་པོ་ཞེས་དང༌། དཔལ་ཚུལ་བསྟན་འབྱུང་ལྡེབ་༩༩༽
དེ་ལྟར་ཁ་བ་ཅན་གྱི་ཡུལ་ལྗོངས་འདི། སྲིད་པ་དང་པོ་ནམ་མཁའི་ལྷས་བཟུང་སྟེ། ཐུག་ཀར་གེ་ཁོད་གཙང་མའི་ལྷ་རིགས་རྣམས།
གཡའ་རི་གངས་དཀར་རྩེ་ལ་གནས་བཅས་ཤིང༌། སྨྲ་དང་མི་ཡི་མགོན་བྱེད་བོན་བསྟན་བསྲུང༌། ༼བོད་ན་བོན་བསྟན་མེད་ཀྱང་སྤྱིར་བོན་བསྟན་ཡོད་པས་བོན་བསྟན་སྲུང་ཞེས་སོ།
།༽ དེ་དུས་སྨྲ་དང་མི་གཉིས་གཅིག་ཏུ་གནས། ཡུལ་མིང་སྨྲ་འམ་ལྷ་ཡུལ་གུང་ཐང་ཞེས། མི་ཡིས་དུད་འགྲོར་མི་འཚེ་གཏམ་བརྡ་འཕྲོད།
ཞེས་པས་སྨྲ་ཞེས་མི་འམ་ཅི་སྟེ་མི་མ་ཡིན་ཡང་ཟེར།
མེ་རི་དཔའ་བོ་གྱད་ཕུར་གྱི་སྐོང་བ་ལས།
ལྡེབ་༢༣༣༽ ཞང་ཞུང་ཡུལ་གྱི་ནུབ་ཕྱོགས་ཀྱི། རུ་ཐོག་རི་ཡི་རྩེ་མོ་ན། སྐུ་བླ་རིན་ཆེན་སྒྲོན་མ་དང་།
མཚོ་སྨན་རྒྱལ་མོར་བཤོས་པའི་སྲས། གཡའ་རི་གངས་ལ་སྐུ་བརྟེན་ཞིང༌། ཞལ་ལྔ་ཕྱག་གཉིས་གསེར་ཙོའི་མདོག
།ཞལ་གཅིག་རྩ་གསུམ་ལྷ་གནས་གཟིགས། ཞལ་གཅིག་བདུད་ཀྱི་གཉའ་གནོན་མཛད། ཞལ་གཅིག་སྒྲ་བླ་ཁྲི་ཡི་དཔོན།
ཞལ་གཅིག་འཇིག་རྟེན་ལྷ་དང་རྩོད། ༼བྷ་ག་ཝན་འདི་ལྟར་གོ་དགོས་སྙམ༽ ཞལ་གཅིག་ལྷ་སྲིན་ཞལ་ལྕེ་གཅོད།
ཤེལ་གྱི་རྔ་ཆུང་རལ་གྲི་བསྣམས། འཇིག་རྟེན་ལས་ལ་གྲུབ་པ་ཡི། ཀུ་བྱི་མང་ཀེའི་ཐུགས་དམ་བསྐང༌།
ཞེས་དང་། དེ་ཡི་ཐུགས་ཀྱི་འོད་ཟེར་གཅིག །འཛམ་གླིང་ཉི་མ་ནུབ་ཕྱོགས་ཀྱི། རུ་ཐོག་རི་ཡི་རྩེ་མོར་འཕྲོས།
ལྷ་ཆེན་ཀུན་ཐོག་རིང་ནམ་དང་། ཞེས་དང་། ༢༣༥༽ ཞང་ཞུང་ཡུལ་ལྗོངས་དབང་རི་ན། ལྷ་ཆེན་ཀུན་ཐོག་རིང་ནམ་དང༌།
ཤེད་ཟ་འཕྲུལ་ཆེན་བཤོས་པའི་སྲས། འཇིག་རྟེན་ལས་ཀྱི་གེ་ཁོད་ནི། སུམ་བརྒྱ་དྲུག་ཅུ་རབ་བལྟམས་པ།
གཡའ་རི་གངས་ལ་བརྟེན་ཞིང་གནས། ལས་སུ་རྒྱལ་འགོང་དམ་སྲིའི་གཤེད། ཕ་དང་བོན་གྱི་ལྷ་དང་གསས།
དེ་རྣམས་ནང་ནས་སྤྲུལ་པའི་གཙོ། བླ་རི་གངས་དཀར་ཏི་སེ་ལ། གསེར་གྱི་མེ་དཔུང་སེར་པོ་འབར།
བླ་མཚོ་དྭང་ར་མ་པང་ལ། གཡུ་ཡི་དུད་པ་སྔོན་པོ་འཐུལ། བླ་བྲག་སྟ་སྒོའི་བྲག་ཆེན་ལ། གསེར་གྱི་ཚ་ཚ་འཁྲུག་ཅིང་འཕྲོ།
རི་བྲག་མཚོ་ལ་སྤྲུལ་པའི་གསས། ཞེས་དང༌། ཡབ་ནི་སྤྱི་རྗེ་གངས་ཀྱི་ལྷ། ཡུམ་ནི་དྲང་ལུང་སྨན་ཅིག་མ།
མ་སངས་གཙོ་བོ་ཡར་སྐྱེས་བྱ། ཞེས་དང༌། སེང་གེ་གངས་ཀྱི་ཤར་ཟུར་ན། ལྷ་ཕྲན་འབུམ་གྱི་འཁོར་དང་བཅས།
ལས་ཀྱི་ལང་རྒྱུང་ཐུགས་དམ་བསྐང༌། ཞེས་དང༌། ཞང་ཞུང་ཡུལ་གྱི་རི་བོ་ལ། ལ་ཞག་རི་ཡི་རྩེ་མོར་སྤྲུལ།
གཡུ་སྤྱང་མགོ་དགུ་བཅིབས་ནས་ནི། གཡའ་རི་གངས་ལ་སྐུ་བརྟེན་པའི། འཇིག་རྟེན་ལས་ཀྱི་སུམ་ཕུད་བསྐང༌།
ཞེས་དང༌། མ་པང་ཏི་སེར་གནས་བཅས་པའི། ཏིང་མཚོ་དང་རའི་སྤྱན་མིག་མ། གངས་གཉན་སྟ་སྒོའི་ཅོད་པཎ་ཅན།
ཆིབས་སུ་ཤེལ་གྱི་གཡག་ཕོ་བཅིབས། ལྷ་སྲིན་ཀུན་ལ་དབང་བསྒྱུར་བ། ལས་ཀྱི་མུ་ཐུར་ཐུགས་དམ་བསྐང༌།
ཞེས་དང༌། ཏི་སེ་གངས་ཀྱི་ཕྱོགས་བཞི་ན། འཁྱིལ་བའི་མཚོ་བཞིར་གནས་བཅས་ཤིང༌། རྣམ་བཞིའི་འཕྲིན་ལས་མཐར་ཕྱིན་པའི།
མཚོ་བཞི་སྲུང་མའི་ཐུགས་དམ་བསྐང༌། ཆུ་བཞི་འབབ་པའི་གཞུང་ལ་རྒྱུ། བླ་རྐུན་མྱུར་མགྱོགས་སྲོག་གི་བདག
།ཆུ་བཞི་སྲུང་མའི་ཐུགས་དམ་བསྐང༌། ཞེས་པས། ཡེ་ཤེས་པ་དང་རྫུ་འཕྲུལ་དང༌། སྤྲུལ་པའི་གེ་ཁོད་རྣམས་ཀྱིས་གཡའ་རི་དང་གངས་བྲག་ལ་གནས་བཅས་བྱིན་གྱིས་བརླབས་པར་དངོས་སུ་བསྟན་པའི་ཕྱིར།
དེ་རྗེས་སུ་བོད་དང་ཞང་ཞུང་གི་ཡུལ་ལ་མ་སངས་གཉན་གྱིས་དབང་མཛད་དེ།
དཔལ་ཚུལ་བསྟན་འབྱུང་ལྡེབ་༡༠༠༽ ནས། རྫ་རི་སྤང་ལྗོངས་ཤིང་ལ་གནས་བཅས་ནས། འགྲོ་བ་མི་དང་གཉན་བསྡེབས་དེ་ཕན་བྱེད།
མི་དང་གཉན་དག་འཛའ་བཤེས་ཚུལ་དུ་གནས། མི་དག་གཉན་གྱི་གནས་སུ་འགྲོ་བ་དང༌། གཉན་ཡང་མི་ཡི་ཁྱིམ་འོང་གཏམ་གླེང་བྱེད།
དེ་དུས་མི་ཡིས་དུད་འགྲོ་གསོད་པ་བྱུང༌། ཡུལ་གྱི་མིང་ནི་གཉན་ཡུལ་གསེར་སྟེང་ཞེས། དེ་རྗེས་འཕྱེ་བོ་ཀླུ་ཡིས་དབང་བྱས་ཏེ།
མཚོ་རྫིང་ཆུ་ཀླུང་ནེའུ་གསེང་ལ་གནས་བཅས། འགྲོ་བ་མི་དང་འགྲོགས་བསྡེབས་དཔལ་ཁ་བསྐྱེད། སྤྲིན་བསྡུ་ཆར་འབེབས་རྩི་ཤིང་ལོ་འབྲས་བསྐྱེད།
མི་ཡིས་མནོལ་བཙོག་བྱས་ཚེ་ཀླུས་གནོད་བྱེད། ༼དེ་བཅོས་ཀླུ་ཆོག་ལས་སོགས་དར།༽ ཅེས་བཤད་ཀྱང་དེའི་དུས་སུ་ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་ཡོད་པར་བཤད་པ་དཀའ།
ཡུལ་མིང་ཀླུ་ཡུལ་ན་ར་གསེང་སྔོན་ཞེས། སྔ་རྟགས་རྟ་ཕྱུགས་ལོངས་སྤྱོད་བྱེད་པ་བྱུང༌། དེ་རྗེས་གནོད་སྦྱིན་བཙན་གྱིས་མངའ་དབང་བྱས།
ཐུགས་དམར་བཙན་དང་གནོད་སྦྱིན་བོད་དུ་གྲོལ། རྫ་བྲག་ནགས་ཁྲོད་ཤིང་ལ་གནས་བཅས་ཏེ། འགྲོ་བ་མི་ལ་ཕན་དང་གནོད་པ་བྱེད།
ཡུལ་ལྷ་རྣམས་དང་མི་གཉིས་གཏམ་ཡང་སྨྲ། ཡུལ་མིང་གདོང་དམར་བཙན་གྱི་ཡུལ་ཞེས་བྱ། དེ་རྗེས་བདུད་དང་སྲིན་མོས་དབང་བྱས་ཤིང༌།
བྲག་རི་དམར་ནག་ནགས་ཁྲོད་ལ་གནས་བཅས། འགྲོ་བ་མི་ལ་གནོད་བྱེད་དངོས་སུ་ཟ། མི་རྣམས་དུད་འགྲོའི་ཤ་ཟ་གདོང་པ་དམར།
ཡུལ་མིང་བདུད་ཡུལ་ནག་པོ་དགུ་སུལ་ལམ། ཁ་རག་སྒོ་དགུ་ལྷ་སྲིན་གཉིས་ཀྱི་ཡུལ། མི་དང་སྲིན་འབྲེལ་སྲིན་གྱི་ཚ་བོ་མང༌།
འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ། ཞེས་པས། འདི་འདྲའི་སྲོལ་ནི་ཤིན་ཏུ་ཡུན་རིང་པོའི་བར་དུ་ཡོད་པའི་ལུགས་ཡིན་ལ།
གཡུང་དྲུང་བོན་དང་ཆོས་སོགས་གང་ཡང་མ་ཡིན་པས་ཡུལ་ལུགས་ཞེས་བརྗོད། འདི་འདྲའི་ཚུལ་སོགས་ལ་ཞིབ་ཏུ་བརྟགས་ནས་རང་བཞིན་ཡུལ་གྱི་གོམས་ལུགས་དང༌།
ཀུན་མཁྱེན་རྒྱལ་བའི་བཀའ་ལས་བྱུང་བའི་ཚུལ་སོགས་ཀྱི་རྣམ་བཞག་ངེས་པར་དབྱེ་ཤེས་པ་གལ་ཆེ།
དེ་ལྟར་མི་བྱེད་པར་བོན་པོ་ཡིན་ཟེར་བ་དང་ཆོས་པ་ཡིན་ཟེར་བའི་མི་ཞིག་གིས་སྒོ་གསུམ་གང་རུང་གི་སྤྱོད་ཚུལ་ཙམ་ལ་བསྙད་ནས་ཆོས་ལུགས་གྲུབ་མཐའ་དེ་ལ་འདི་ལྟར་བྱས་ཞེས་སོགས་ལས་སླ་བའི་སྒོ་ནས་ཐ་སྙད་འདོགས་པ་ནི་བླུན་ནོ།
།
དེ་རྗེས་མི་ལས་གདོན་གྱུར་བདུད་ཀྱིས་བཟུང༌།
རྩི་ཤིང་རྡོ་ཁང་བྲག་ལ་གནས་བཅས་ནས། བོད་ཀྱི་ཆུ་བོ་བཞི་འདུས་འགོ་མཇུག་བཟུང༌། མི་དང་བསྡོངས་ཏེ་གཤེན་ལ་དོ་རུ་བསྡོས།
བདུད་སྲིན་མི་དང་སྲིད་བསྡེབས་དམག་དཔུང་དྲངས། སྟོན་པ་བྱོན་དུས་ཐམས་ཅད་དབང་དུ་བསྡུས།
ལྷ་སྲིན་སྡེ་བརྒྱད་བཀའ་བགོས་དམ་ལ་བཞག །མི་ལ་ལྷ་གསོལ་བྱུར་ཕུད་བཀའ་ལུང་ཕོག །འདི་ཡན་ལྷ་སྲིན་མི་དང་མ་བྱེ་དུས།
བསྐལ་པའི་དུས་རབས་ཆེན་པོ་དྲུག་ཙམ་བྱུང༌། མི་ལོ་དུ་མའི་བར་དུ་དེ་ལྟར་གནས། མི་ཡི་ཁྱིམ་ཡང་ས་ཁུང་བྲག་ཕུག་དང༌།
རྡོ་ཡི་ཁུང་བུ་བརྩེགས་འབུབ་བྱེད་པ་ལས། ཤིང་གཅོད་ཐག་ཚེམས་སོགས་ཀྱི་ལས་མི་ཤེས། ཟས་ནི་སར་སྐྱེས་ལྡུམ་དང་ཤ་ཟ་ལས།
ཞིང་ལས་བཟའ་ཤིང་འཛུགས་པའི་རིག་པ་མེད། དེ་འོག་བསྐལ་པར་ཞང་ཞུང་བོད་དང་ཁམས། སོ་སོར་རིམ་བྱེ་མི་རྣམས་ལས་རིམ་ཤེས།
ལྷ་སྲིན་སྡེ་རྣམས་རི་བྲག་ཆུ་སོགས་ལ། གནས་ཤིང་དངོས་སུ་མི་རུ་བརྫུས་ཏེ་སྐྱེས། གདོས་བཅས་ལུས་མིན་མི་ལས་ལྐོག་གྱུར་ཏེ།
མི་དང་ལྷ་འདྲེ་འབྲེལ་བ་ཇེ་ཉུང་སོང༌། ཕན་ཚུན་མི་མཐོང་གནས་དང་རང་བཞིན་བསྐལ།
ཞང་ཞུང་གི་ས་སྐོར་ཞོར་འཕྲོས།
ཞང་ཞུང་པ་རྣམས་ཕལ་ཆེར་སྦྲ་དུད་བྲག་ཕུག་བཅོས་མ་རང་འབྱུང་རྣམས་སུ་འཁྲས།
འཚོ་རྟེན་གཡག་ལུག་ར་གསུམ་ལ་བྱེད་ཅིང༌། དྭང་ར་ཁོག་དང་ཁྱུང་རྫོང་འགྲམ་རྣམས་སུ། ཞིང་ལས་ཆུ་ཡུར་ཁང་ཞིག་ཤུལ་གསལ་སྣང༌།
དེ་ཕྱིར་ཁང་པར་གནས་པའང་ཡོད་པར་མངོན། ཡུལ་དེའི་མི་ཡིས་བོན་ལ་སྤྱད་ཕྱིན་ཆད། རི་དྭགས་རྐྱང་གི་ཤ་ལ་འཛེམ་པར་མངོན།
ཞང་ཞུང་བོན་ལས་བཤུལ་ཆགས་ཤ་ཟ་དང༌། མི་རོ་དམར་ལ་རེག་སོགས་སྤང་དགོས་བཤད། གཞན་ཡང་ཡུལ་ཕྱོགས་འདི་རྣམས་སུ།
འཐབ་རའི་གྱང་དང་མཁར་དང་ས་དོང་དག་ལུང་པའི་ཆུ་ལ་གཏུགས་པ་མང་ཡོད་པ་འདི་རྣམས་ཞང་ཞུང་རང་གི་མིས་བཟོས་སམ།
བཤད་སྲོལ་ལྟར་ན་སོག་པོའི་འཛིངས་ར་ཟེར། གང་ལྟར་གནའ་བོའི་མི་ཡིས་བྱས་རྗེས་གསལ་པོ་སྣང༌།
མི་ལོ་དྲུག་བརྒྱའི་སྐོར་ནས་ཆགས་པའི་དྭང་རའི་འགྲམ། སྟ་སྒོའི་མདུན་དུ་སེ་ཞིག་དགོན་འདི་ཡི་གཙུག་ལག་ཁང་རྙིང་པ་དེ་ཉིད་ཀྱང་མཁར་རྫོང་རྙིང་པ་ཞིག་ཡིན་པ་གསལ་པོར་ཤེས་རྟོགས་ཐུབ་པ་འདུག
།
བོད་ཡུལ་གྱི་སྐོར།
དེ་ནས་བོད་ཡུལ་འདི་ཉིད་མ་སངས་སྤུན་དགུས་དབང་བྱས་ཏེ།
ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་གྲགས། དེའི་དུས་མདའ་མདུང་མཚོན་ཆར་བརྩེ་བ་དང༌། རྟ་དང་གཡག་ལ་ཞོན་ཅིང་ཉོ་ཚོང་བྱེད།
དེ་རྗེས་ཟ་རམ་སྐྱེས་དྲུག་གིས་དབང་བྱས། ཡུལ་མིང་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས། མི་ཡི་མགོ་ལ་རྒྱན་དང་རྣ་ཆ་འདོག
།གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང༌།
དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ།
ཡུལ་མིང་བོད་ཡུལ་སྦ་ཁ་ཆེ་བརྒྱད་ཅེས། ཕྱག་དང་ཞེ་ས་བྱེད་པ་དེའི་སྐོར་བྱུང༌། སྔར་གྱི་སྒྲུང་དང་ལྡེའུ་བཤད་རིག་རྩལ་འགྲན།
རྒྱལ་ཕྲན་བཅུ་གཉིས་ནི། ལི་ཡུལ་ཏུན་ཧུང་ནས་ཐོན་པའི་ཤོག་འཁྱལ་ལས། རྒྱལ་ཕྲན་ཡུལ་ཡུལ་ན།
མཁར་བུ་རེ་རེ་ན་གནས་ཏེ། རྒྱལ་ཕྲན་བགྱིད་པ་དང༌། ཞང་ཞུང་ངར་པའི་རྗེ་བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང་།
སྟོང་ལོམ་མ་ཆེ་གཉིས། མྱང་རོའི་བྱེད་ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུ་དང་གནང་གཉིས།
ཡུལ་གནུབས་ཀྱི་གླིང་དགུ་ན་རྗེ་གནུབ་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། ཡུལ་མྱང་རོའི་ཤམ་པོ་ན།
རྗེ་ལོང་མ་བྱི་བྲོམ་ཆ། བློན་པོ་མྱ་དང་བྲེ་གཉིས། ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་སྐྱི་རྗེའི་མང་པོ་བློན་པོ་ཤེའུ་དང་ལུག་གཉིས།
ཡུལ་ངས་པོའི་ཁྲ་སུམ་ན། རྗེ་དགུག་གྲིའི་ཟིན་པོ་རྗེ། བློན་པོ་མགར་དང་མཉན་གཉིས། ཡུལ་དབྱེ་རོ་ཡུལ་བཟི་ན།རྗེ་དབྱེའི་མཁར་པ།
བློན་པོ་དང་རྡུག་གཉིས། ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོལ་རྗེའི་ཟིན་བྲང་ཆ། བློན་པོ་རྔོ་དང་དབའས་གཉིས།
ཡུལ་རྙེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྙེགས་རྗེའི་ལ་བྲང༌། བློན་པོ་འས་པ་དང་མྱང་ནད་གཉིས།
ཡུལ་ཀླུམ་རོའི་ཡ་སུམ་ན།རྗེ་ནམ་པའི་བུ་གསེང་རེ། བློན་པོ་མྱང་དང་སྦྲང་གཉིས། ཡུལ་སྲིབ་ཡུལ་གྱི་རལ་མོ་གོང་ན།
རྗེ་དྲང་རྗེའི་རྣོལ་ནམ། བློན་པོ་ཞུག་ཆམས་དང་དབྲད་གཉིས། ཡུལ་རྐོང་ལ་བྲེ་སྣར་ན། རྗེ་རྐོང་རྗེའི་དཀར་པོ།
བློན་པོ་མཁར་པ་དང་ཕ་དྲུག་གཉིས། ཡུལ་མྱང་ཡུལ་གྱི་རྟ་གསུམ་ན། རྗེ་མྱང་ཅུན་སླང་རྒྱལ། བློན་པོ་འོ་རུ་དང་སྤྲ་གཉིས།
ཡུལ་དགས་ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་གྱི་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས།
ཡུལ་མཆིམས་ཡུལ་གྱི་དགུ་ཡུལ་ནའ། རྗེ་མཆིམས་རྗེའི་ནེའུ། བློན་པོ་དང་དང་དིན་དེ་གཉིས།ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ།
རྗེ་འབལ་རྫི་མནཡ་རུ་ཏི། བློན་པོ་རླང་དང་ཀམ་གཉིས།ཡུལ་འབྲོག་མོ་རྣམ་གསུམ་ནའ་རྗེ་སེ་རེ་ཁྲི།
བློན་པོ་སྐྱང་རེ་གནག་རྒྱལ་ཕྲན་བཅུ་གཉིས་ན། སེ་རེ་ཁྲི་དང་བཅུ་གསུམ། བློན་པོ་ཉི་ཤུ་རྩ་བཞི་ན།
སྐྱང་རེ་གནག་དང་ཉི་ཤུ་རྩ་ལྔ།མཁར་བཅུ་གཉིས་ན། དབུ་ལྡེ་དམ་པ་དང་བཅུ་གསུམ། ཡུལ་བཅུ་གཉིས་ན།
བྱང་གི་རྣམ་བརྒྱད་དང་བཅུ་གསུམ། རྒྱལ་དགུ་སྔོ་བཅུ། བློན་དགུ་མཆིམས་བཅུ་ཞེས་བྱ་སྟེ།དེ་ཡང་ཆད་ཡ་ཡོགས་ནི།
གདོད་བྱི་རུམ་གྱི་ནི་རྐྱེན་ཞེས་བྱ་སྟེ། གནའ་ཡུལ་ཡུལ་ན་རྒྱལ་ཕྲན་དང་བོན་པོ་འདི་ལྟར་བབ་སྟེ།
མྱི་མང་གི་རྗེ། ཡུལ་ཆེའི་བདག་བྱེད་བྱེད་པ་ལས། རྒྱལ་པོ་བཙན་པ་དང༌། བློན་པོ་འཛངས་པ་དཀུའ་བོ་ཆེ་རྣམས་ཀྱིས།
གཅིག་ཤེས་གཅིག་བརླག་སྟེ། འབངས་སུ་བཀུག་ན། མཐའ་མ་འོ་ལྡེ་སྤུ་རྒྱལ་གྱི་དབུ་རྨོག་མ་ཐོབ།
མར་ནི་ལྷ་ནར་གྱི་མནརད། ཐུན་ནི་རྗེ་ཐུན་གྱིས་མཐུན་ཏེ་འགུག་གོ། ཞེས་སོགས་བརྡ་རྙིང་ཤ་སྟག་ཏུ་འདུག་ཅིང༌།
ལན་གཅིག་དེའི་སྐབས་ཀྱི་སྐད་ལ་ངེས་པ་རྙེད་པའི་ཆེད་དུ་རང་སར་བཞག་གོ །
དེ་རྗེས་དེར་གྱེས་རྒྱལ་ཕྲན་སིལ་མ་ནི།
བཞི་བཅུའི་བར་འཕེལ་བོད་ཁམས་གླིང་དུ་ཞེས། འདིའི་དུས་བོན་སྤྱོད་ཐར་བསྒྲུབ་རྟེན་བཞེངས་སོགས་ཡོད་པར་དཔལ་ཚུལ་གྱིས་གསུངས་ཀྱང་རྒྱུ་མཚན་ངེས་པར་མ་མཐོང་ངོ༌།
།གཡུང་དྲུང་བོན་ནི་བོད་ཀྱི་རྒྱལ་པོ་བྱུང་ཕྱིན་ཆད་བོད་དུ་བྱུང་བ་ཡིན་པར་བཤད་པས་སོ། །དུས་རབས་དེ་བཞིའི་རིང་ལ་རིམ་བཞིན་དུ།
ལྕགས་རིགས་རྙེད་ཅིང་རྡོ་བཟོ་ཤིང་གཤོད་ཤེས། དུད་འགྲོའི་སྤུ་བྲེགས་ཐག་འཐག་ཚེམ་འདྲུབ་ཞིང་འདེབས་སོགས་ཀྱང་ཤེས།
འབྲོག་ཅེས་གཡག་འབྲི་ལུག་ར་གསུམ་ལ་ལོངས་སུ་སྤྱོད་ཅིང་སྦྲ་དང་གུར་ལ་གནས་སོ། །
ཡུལ་པ་ཞེས་པ་རྡོ་ལས་མཁར་དང་ཁང་པ་བཟོ་ཞིང༌།
ས་ལས་འབྲས་དྲུག་ཉུང་མ་སོགས་བསྐྱེད་ཅིང༌། ཁང་པར་གནས་བཅའ། བ་གླང་ར་ལུག་འབྲི་གཡག་མཛོ་དང་མཛོ་མོ་རྟ་དྲིལ་བོང་སོགས་ལ་ལོངས་སུ་སྤྱོད་ཅིང་གནས་སོ།
།
དེ་ནས་སྤུ་རྒྱལ་བཙན་པོས་དབང་མཛད་དེ།
རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང་། ཡུལ་ལ་སྔ་བ་ཡར་ལུང་སོག་ཀ་ཞེས། ཡུལ་གྱི་མིང་ནི་བོད་ཡུལ་རུ་བཞིར་གྲགས།
སྟག་གཟིག་གི་སྐོར།
ད་དུང་སྟག་གཟིག་ཞང་ཞུང་བོད་བཅས་ཀྱི།
མི་རིགས་ས་ཡུལ་ལས་སོགས་ཞིབ་བཤད་ན། རྟག་གཟིགས་ཕུགས་པ་དག་ཞིང་འོལ་མོ་གླིང༌། མུ་ཁྱུད་བདལ་མཚོ་དབལ་སོ་གངས་རིས་བསྐོར།
གཡུང་དྲུང་དགུ་བརྩེགས་ཕོ་བྲང་གླིང་བརྒྱད་དང༌། ཕྱི་ནང་བར་གྱི་གླིང་དང་མཐའ་གླིང་ལ། ནང་བཅུད་དམུ་གཤེན་ཧོས་ཤག་དཔོ་རྒྱ་གཏོ་དཔྱད་གཉན།
རྒྱལ་རིགས་རྗེ་རིགས་དམངས་རིགས་བྲམ་ཟེ་བཅས། རྒྱལ་བློན་འབངས་བཅས་བསམ་མཐའ་ཡས་པས་ཁེངས།
སྐད་ནི་ནང་གླིང་གཡུང་དྲུང་ལྷ་ཡི་སྐད། བར་གླིང་བཅུ་གཉིས་དེ་ལས་བསྒྱུར་བའི་སྐད། འབབ་ཆུ་བརྒྱད་རྒྱུད་བསྒྱུར་བའི་སྐད་བརྒྱད་ནི།
གཙང་མ་ལྷ་སྐད་ན་ར་ཛ་རའི་རྒྱུད། དག་པ་ལྷ་སྐད་པཀྵུ་བྱང་གི་རྒྱུད། སཾ་སྐྲྀ་ལྷ་སྐད་གྱིམ་ཤང་ནུབ་ཀྱི་རྒྱུད།
ཁྲི་ཝེར་ལྷ་སྐད་སིན་དྷུ་ལྷོ་རྒྱུད་བསྒྱུར། ཧོ་ཅི་འཕྲུལ་སྐད་ལྷོ་ཤར་གངྒཱའི་རྒྱུད། སྤོས་ཅི་འཕྲུལ་སྐད་ལྷོ་ནུབ་སི་ཏའི་རྒྱུད།
ཅི་གུང་འཕྲུལ་སྐད་སེང་ག་བྱང་ནུབ་རྒྱུད། ཅུང་རྩེ་འཕྲུལ་སྐད་བྱང་ཤར་གསེར་ལྡན་རྒྱུད། བཅུས་གཙོས་སྐད་རིགས་བརྒྱ་དང་དྲུག་ཅུ་བཞི།
ཡི་གེའི་གཟུགས་ནི་སྤུངས་སོ་ཆེ་ཆུང་སོགས། གཟུགས་དབྱིབས་བཀོད་པ་མི་འདྲ་དུ་མར་གསུངས། འདི་ཉིད་དག་ཞིང་མོས་པའི་ཡིད་ཡུལ་ལས།
ས་སྟེང་འདི་ན་བརྟགས་ཏེ་བཙལ་བ་བླུན། གལ་ཏེ་ཏི་སེའི་སྐོར་དང་པ་ཤ་སོགས། ཡིན་པར་འདོད་པ་ངེས་ན་དེར་སྐྱེ་བའི།
སྨོན་ལམ་འདེབས་ཡུལ་ཁོ་ན་བྱེད་དགོས་པ་ཅིའི་ཕྱིར་ཡོད། དེ་ཡང་བདག་ཅག་གི་སྟོན་པས། སྐྱེ་སྒོ་གཅོད་པའི་མདོ་ལས།
འོལ་མོ་ལུང་རིང་གནས་སུ་སྐྱེ་བར་ཤོག །ལུས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང༌། ཞེས་གསུངས་པས།
ཞིང་འདི་ཉིད་འཁོར་ཞིང་ཐུན་མོང་བ་ལས་ངེས་པར་ཁྱད་དུ་འཕགས་པ་ཞིག་ཡིན་དགོས་པས་སོ། །
རང་ཅག་འགྲོ་བ་ཕལ་པའི་དབང་པོའི་ཡུལ་དུ་མ་གྱུར་ན་མེད་པར་འདོད་པ་དང་།
འཛམ་གླིང་གི་ས་དང་འབྲེལ་ཏེ་ཡོད་ན་རང་རེས་མཐོང་དགོས་པ་སོགས་ནི་ཧ་ཅང་གི་བློ་སྒོ་དོག་པས།
དེ་ལྟར་ན་སྲིད་པའི་ཡུལ་ས་གཡེན་སྡེ་དང་། ལྷ་རིགས་གཉན་སྡེ་ཀླུ་རིགས་སོགས་མི་དང་རང་བཞིན་གྱིས་བསྐལ་དོན་ཅན་རྣམས་མེད་པར་འདོད་དགོས་ལ།
དེ་ལྟར་ན་གཞུང་རྣམས་ལས་རྒྱང་འཕེན་ལ་དགག་པ་བྱས་པའི་རིགས་པ་རྣམས་འདིར་དྲན་ཆོག་པ་འདྲ་སྙམ།
ལན་གཅིག་འོལ་གླིང་གི་དཔྱད་པ་བཞག་ནས་སྐབས་ཀྱི་བརྗོད་བྱ་རྒྱལ་རབས་ལ་འཇུག་པ་ཡིན་པས། མུ་འགོད། ཐ་ཚན་མུ་ཙུག་སྨར་རོ།།
No comments:
Post a Comment