༄༅།
།ཕྱི་ལོ་ ༢༠༡༨ ཟླ་
༤ ཚེས་ ༢༡
རེས་གཟའ་སྤེན་པ་ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་ལྷན་ཚོགས་དང་། བོན་གཞིས་གཞིས་ལས་ཁང་། བོན་བུ་ཁྱིམ་ཁང་བཅས་ཀྱིས་འགན་བཞེས་ཏེ་བོན་གཞིས་ཐོབ་རྒྱལ་གསར་པའི་དགེ་ལས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཆེད་གཉེར་གནང་ཡོད་པ་རེད།
མཛད་སྒོ་དེར་ཇི་ལྟར་གདན་ཞུས་བཞིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤
པ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ། གཡུང་དྲུང་བོན་གྱི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་ཆེད་ཕེབས་དང་། ས་གནས་སློབ་སྟོན་ཚོགས་ཆུང་གི་ཚོགས་གཞོན་དང་བོན་བུ་ཁྱིམ་ཁང་གི་དབུ་འཛིན་གཅིག་ལྕོགས་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེ། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། གཞིས་དགོན་གཉིས་ཀྱི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། བོན་གཞིས་མི་མང་། སློབ་ཕྲུག་རྒན་པ་བཅས་མཉམ་ཞུགས་ཞུས་ཡོད།
མཛད་སྒོའི་ཐོག་བོན་གཞིས་ས་གནས་འགོ་འཛིན་མཆོག་གིས་དགེ་ལས་སྤྱི་དང་བྱེ་བྲག་རྒྱ་གར་དགེ་ལས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། ས་གནས་སློབ་སྟོན་ཚོགས་ཆུང་གི་ཚོགས་གཞོན་མཆོག་གིས་སློབ་གྲྭ་འདི་ཉིད་ཐོག་མར་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣
པ་དམ་པ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་འཛུགས་གནང་ཞིང་། ༡༩༧༥
ཙམ་ནས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱིས་མཐུན་འགྱུར་དང་ཞལ་བཞེས། དེ་ནས་རིམ་བཞིན་བདག་དབང་ཆ་ཚང་བཞེས་ཏེ་ད་ལྟ་སྔོན་འགྲོ་ནས་འཛིན་རིམ་ ༡༢
བར་ཆ་ཚང་བ་ཞིག་ཆགས་པའི་བརྒྱུད་རིམ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་རང་གཞུང་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་དང་དགོངས་བཞེས་ཇི་གནང་། ལྷག་པར་ཁོང་ལ་སློབ་གྲྭའི་ལས་སྣེ་སོགས་ཀྱི་ཐད་ཀར་འགན་ཁུར་མེད་ཀྱང་མི་ལོ་ ༣༠
ཙམ་རིང་སློབ་གྲྭ་དང་འབྲེལ་བའི་ལས་དོན་གནང་རིང་རྒྱ་གར་གཞུང་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་རིམ་པ་དང་། སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རིམ་པ། དགེ་ལས་བཅས་ནས་ཕྱག་ལས་འཐུས་ཤོར་མེད་པར་གནང་བའི་བཀའ་དྲིན་རྗེས་དྲན་དང་། དམིགས་བསལ་འདི་ལོ་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ལོ་རུ་ངོས་འཛིན་གནང་བ་བཞིན་རྒྱ་གར་གཞུང་མང་དང་ལྷག་པར་བོན་གཞིས་ཀྱི་དགེ་ལས་རྣམས་ལ་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུས་གནང་བ་དང་། དགེ་རྒན་རིམ་པས་མི་ཚེའི་དྭངས་མ་ལེགས་སྐྱེས་སུ་ཕུལ་ཏེ་གསོ་སྐྱོང་གནང་བའི་བོན་གཞིས་སློབ་ཟུར་རྣམས་རྒྱ་གར་དང་བལ་ཡུལ། ཨ་རི།
ཡུ་རོབ་སོགས་སུ་ཤེས་ཡོན་སྡེ་ཁག་དང་། ཚོགས་སྡེ་ཁག་སོགས་དུ་མའི་ནང་ལས་དོན་གལ་ཆེ་གཉེར་མཁན་དང་རང་འགོ་རང་ཐོན་གྱིས་སྤྱི་ཚོགས་ལ་ཕན་བདེ་སྐྲུན་ཐུབ་མཁན་དུ་མ་བྱུང་ཡོད་པ་མ་ཟད། རང་གཞུང་དང་རང་སྐྱོང་སྡེ་ཚན་ཁག་བཅས་ནང་སྲི་ཞུ་སྒྲུབ་བཞིན་པ་བཅུ་ཕྲག་གཉིས་མ་ཟིན་ཙམ་ཡང་ཡོད་པ་སོགས་ཀྱི་ངོ་སྤྲོད་གནང་།
༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་བཀའ་དྲིན་བླ་མེད་དུ་བསྐྱངས་བ་དེར་ཐུགས་རྗེ་ཆེ་ཞུ་དང་། ལྷག་པར་དགེ་རྒན་རྣམས་ཀྱིས་བོད་ཕྲུག་ཁྲི་ཕྲག་མང་པོར་མི་ཚེར་མདུན་ལམ་བསྐྲུན་པ་ནི་ཆོས་དང་འཇིག་རྟེན་གཉིས་ཐད་ནས་དགེ་ཚོགས་རླབས་པོ་ཆེ་བསགས་ཡོད་སྐོར་དང་། ཁྱེད་རྣམ་པས་གསོ་སྐྱོང་གནང་བའི་བོད་ཕྲུག་རྣམས་ཀྱིས་གྲུབ་འབྲས་གང་ལེགས་ཐོན་བཞིན་ཡོད་པ་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། བཀའ་བློན་དང་སྤྱི་འཐུས་དུ་མ། སྲི་ཞུ་བ། ས་གནས་འགོ་འཛིན་སོགས་ཀྱི་འགན་ཁུར་བཞེས་བཞིན་པ་མང་པོ་ཞིག་རྒྱ་གར་གཞུང་གི་དགེ་རྒན་རྣམ་པས་གཞི་རིམ་ཤེས་ཡོན་སློབ་སྦྱོང་སྤྲད་གནང་བ་ལ་བརྟེན་ནས་བྱུང་བ་ཡིན་སྐོར། ད་ལན་འགྲོ་སྟངས་ཤིག་གིས་འདི་ནས་ང་ཚོ་ཁ་བྲལ་དགོས་གྱུར་ནའང་མ་འོངས་པར་ཁྱེད་ཚོས་བོད་མི་རྣམས་དུས་རྟག་དུ་མ་བརྗེད་བ་དང་། ས་གནས་འདིར་གཞུང་སྒེར་གང་གི་གནས་བབ་ཀྱི་ཐོག་ཕེབས་ཀྱང་ང་ཚོས་ནང་མི་ནང་བཞིན་སྣེ་ལེན་དང་མཐུན་འགྱུར་ཞུ་རྒྱུ་ཡིན་གནས་སོགས་གསུངས།
སློབ་སྤྱི་སན་ཏོཤ་ཀུ་མར་སིངྷ་(Santosh Kumar Singh)མཆོག་གིས་སློབ་གྲྭ་ཞེས་པ་དེ་གལ་གནད་ཆེན་པོ་ཡིན་པའི་སྐོར་དང་། ཁོང་རྣམ་པས་བོད་སློབ་འཛིན་ཚོགས་ཁོངས་དང་ལྷག་པར་བོན་གཞིས་སུ་ཕྱག་ལས་གནང་རིང་། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་པ་དང་། རང་གཞུང་ཤེས་རིག་ལས་ཁུངས་ནས་རྒྱབ་སྐྱོར། དམིགས་བསལ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་དམ་པ་མཆོག་གི་ཐུགས་རྗེའི་སྐྱབས་འཇུག་ཚད་མེད་གནང་བ་མ་ཟད། ས་གནས་ཀྱི་ལས་སྣེ་རྣམས་ནས་མཐུན་འགྱུར། མི་མང་གིས་འགན་མཉམ་ཁུར་གནང་བ་བཅས་ལ་བརྟེན་ནས་ལས་དོན་གང་ལེགས་འགྲུབ་ཡོད་པ་དང། མ་འོངས་པར་ཡང་ཕྱོགས་ཡོངས་རྡོག་རྩ་གཅིག་སྒྲིལ་གྱིས་སློབ་གྲྭར་འཐུས་ཤོར་མ་སོང་བ་དགོས་གནས། ཆེད་གཉེར་མཛད་སྒོ་གནང་བ་ལ་ཐུགས་རྗེ་ཆེ་བཅས་ཞུས།
༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་བོད་མི་རྣམས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་སྤྱིར་རྒྱ་གར་གཞུང་མང་གཉིས་དང་། སྒོས་སུ་རྒྱ་གར་དགེ་རྒན་རྣམ་པ། ཡང་སྒོས་སུ་བོན་གཞིས་ཉིན་སློབ་ཀྱི་དགེ་རྒན་རྣམས་ཀྱིས་སྐུ་ལས་བསྐྱོན་ཏེ་མི་རབས་གསར་པ་སྐྱེད་སྲིང་གནང་བ་བཅས་ལ་ཐུགས་རྗེ་བླ་ན་མེད་པ་ཆེ་ཞུས་པ་དང་། འདི་ནས་འཁྱུར་ལ་ཉེ་བའི་དགེ་ལས་རྣམས་ཀྱི་མི་ཚེ་དོན་ལྡན་ཡོང་བའི་སྨོན་ལམ། མ་འོངས་མུ་མཐུད་འབྲེལ་ལམ་གནང་དགོས་གནས། མུ་མཐུད་བཞུགས་གནང་མཁན་གྱི་དགེ་ལས་རྣམས་ཀྱིས་སློབ་གྲྭ་འདི་ཉིད་ཀྱི་དགོས་པ་དམིགས་ཡུལ་གཞིར་བཞག་ཐོག གཡུང་དྲུང་བོན་གྱི་བསྟན་པའི་གཞི་མ་འདེང་མཁན་གྱི་གཞོན་སྐྱེས་རྣམས་ལ་མཐུན་འགྱུར་སོགས་སྔར་༸སྐྱབས་རྗེ་ཞིང་གཤེགས་དམ་པའི་སྐབས་ལྟར་གནང་སྐྱོང་ཡོང་བ་དང་། རང་གཞུང་ཤེས་རིག་ལས་ཁུངས་གཙོས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྱང་གཟིགས་པ་ཆེར་བསྐྱེད་ཐོག་འདི་ནས་ཕྱག་རོགས་གང་ཐུབ་ཞུ་རྒྱུ་ཡིན་གནས་སོགས་ཀྱི་ཟབ་གསལ་བཀའ་སློབ་སྩལ་གནང་མཛད།
དེ་རྗེས་སློབ་སྤྱི་སོགས་དགེ་ལས་ ༣༠ ལྷག་ཙམ་ལ་ཆེ་བསྟོད་ཕྱག་རྟགས་དང་། ཚོགས་སྡེ་ཁག་དང་སློབ་ཟུར་བཅས་ནས་མགུལ་དར་ཕུལ་ཏེ་ཉིན་གུང་གསོལ་སྟོན་རྒྱས་འབུལ་ཞུས་པ་བཅས་ཀྱི་གསར་གནས་སུ།
No comments:
Post a Comment