Friday, March 22, 2019

རྩིས་ལོ་ ༢༠༡༩༌༌༢༠༢༠ ལོའི་ཚོད་དཔག་ཚོགས་ཆུང་གི་སྙན་ཐོ།


རྩིས་ལོ་ ༢༠༡༩༌༌༢༠༢༠ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཐོག་
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་
ཚོགས་ཆུང་གི་སྙན་ཐོ།

གཅིག        ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་སྐོར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༧ འཁོད་དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་ནང་རྩིས་ལོ་ ༢༠༡༩༌༌༢༠ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར། སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་དཀོན་མཆོག་ཡང་འཕེལ། སྤྱི་འཐུས་མི་འགྱུར་རྡོ་རྗེ། སྤྱི་འཐུས་ཀརྨ་དགེ་ལེགས་བཅས་ལ་དམིགས་འཛུགས་བསྐོ་གཞག་གནང་བ་དང་། དེ་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༥ ཉིན་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་དཀོན་མཆོག་ཡང་འཕེལ་དགོངས་ཞུས་ཚབ་ཏུ་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལ་བསྐོ་གཞག་གནང་དོན་གསལ་བ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༥ ནས་ལས་དོན་འགོ་འཛུགས་ཀྱིས་ ༢༠༡༩ ཟླ་ ༣ ཚེས་ ༡༥ ཉིན་ཚོགས་ཆུང་གི་སྙན་ཐོ་རྒྱབ་གཉེར་དང་བཅས་པ་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཡོད།


གཉིས།       ཚོགས་ཆུང་གིས་ལས་དོན་ཇི་བྱས་སྐོར།
༡༽     ཚོགས་གཙོ་སྦྲེལ་པོས་བཀོད་ཁྱབ་དགོངས་དོན་ལྟར་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲུང་ཆེ་ལས་ཚབ་མཆོག་གི་མདུན་ནས་དཔལ་འབྱོར་ལས་ཁུངས་ཀྱིས་ཕུལ་བའི་སྔོན་རྩིས་ཡིག་སྣོད་ཆ་ཚང་རྩིས་ལེན་དང་། ཆུ་ཚོད་ ༡༡།༣༠ ཐོག་ཚོགས་མི་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་། ཚོགས་དྲུང་དུ་སྤྱི་འཐུས་སྒྲོལ་མ་ཚེ་རིང་སོ་སོར་སྤྱི་མོས་བྱུང་རྗེས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོར་ལམ་སྟོན་ཁག་ཞུས་པ་དང་དཔལ་འབྱོར་ལས་ཁུངས་ནས་ཕུལ་བའི་སྔོན་རྩིས་ཁ་ཤོག་གནང་སོན་བྱུང་།
༢༽     ཕྱི་ཟླ་ ༢ ཚེས་ ༢༥ ནས་བཟུང་ཕྱི་ཟླ་ ༣ ཚེས་ ༡༥ བར་ལས་ཉིན་གྲངས་ ༡༦ ཙམ་རིང་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༩༌༌༢༠ ལོའི་སྔོན་རྩིས་འཆར་འབུལ་དང་འབྲེལ་བའི་བཀའ་ཤག་གི་ཕྱོགས་བསྡོམས་འགྲོ་གྲོན་རྒྱབ་གཉེར་ཁ་ཤོག་དང་། རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་གསུམ་སོ་སོའི་སྔོན་རྩིས་ཁ་ཤོག རྒྱབ་ལྗོངས་ཡིག་ཆ་བཅས་ཀྱི་ཡིག་སྣོད་གྲངས་ ༢༨ དང་། དེ་བཞིན་དགོས་དངུལ་རང་ཁུངས་ནས་གཏོང་དམིགས་ཡོད་ཀྱང་བཀའ་འཁྲོལ་ཞུ་ཡུལ་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ཁག་ ༥ དང་སྦེང་ལོར་ལྷོ་སྤྱི་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་ ༣ བཅས་ཀྱི་སྔོན་རྩིས་འབྲེལ་ཡོད་ལས་དབུས་ནས་འཆར་འབུལ་ལ་བཀའ་ཤག་གི་རྒྱབ་གཉེར་ཞུས་པའི་ཡིག་སྣོད་གྲངས་ ༣ བཅས་ཁྱོན་ཡིག་སྣོད་གྲངས་ ༣༡ དང་། རྩིས་ལོ་ ༢༠༡༨༌༌༡༩ ལོའི་སྔོན་རྩིས་ཆ་ཚང་དང་བར་བརྒལ། ཁ་བསྒྱུར་བཅས་ཀྱི་ཡིག་ཆ་ཁག་བཅས་རེ་རེ་བཞིན་ལ་བལྟ་ཞིབ་ནན་འདྲོངས་ཞུས།
༣༽     ཞིབ་འཇུག་ཞུས་པའི་བརྒྱུད་རིམ་ཁྲོད་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་དང་། དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་ཟུང་དྲུང་བསྟན་འཛིན་ལེགས་གྲུབ་ལགས་དང་། ལས་རོགས་དྲུང་ལས་སྤེན་པ་ལགས། ལས་ཁུངས་ཁག་གི་དྲུང་ཆེ་ ༨ དང་། དྲུང་ཆེ་ལས་ཚབ་ ༡ དྲུང་འཕར་ ༢ དབུས་སྣེ་ལེན་ཁང་གི་འགན་འཛིན། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་རོགས་ ༢ གཞན་ཡང་ལས་ཁུངས་སོ་སོའི་སྡེ་ཚན་ཁག་གི་འགན་འཛིན་དང་ལས་འཆར་འགན་འཛིན། འབྲེལ་ཡོད་ལས་བྱེད་བཅས་གྲངས་ ༤༡ རྩིས་དཔོན་དང་རྩིས་པ་གྲངས་ ༡༥ བཅས་ཁྱོན་ལས་བྱེད་གྲངས་ ༧༢ ཚོགས་ཆུང་དུ་ཆེད་འབོད་ཀྱིས་དོགས་འདྲི་དང་། གསལ་བཤད་དགོས་རིགས་བྱས་པ་མ་ཟད། དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་ལན་མང་ཆེད་འབོད་ཀྱིས་དོགས་འདྲི་དང་འབྲེལ་ཡོད་ཡིག་ཆ་ཁག་མཐུན་འགྱུར་ཞུ་བཅུག གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་དང་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་སོགས་ལྷན་བཞུགས་ཀྱིས་དགོངས་སྐོར་ཁག་ཅིག་ཞུས་ནས་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང་། ཁྲིམས་སྒྲིག་ཁག་ནང་གསལ་བའི་སྔོན་རྩིས་འགྲོ་སྟངས་མཐུན་མིན་སོགས་ལ་ཞིབ་འཇུག་ནན་འདྲོངས་ཞུས་ཡོད།

གསུམ།       ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་སྐོར།
༡༽    བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་ལ་རོགས་དངུལ་གནང་མཁན་ཡོད་པ་ཙམ་མིན་པར་ལས་འཆར་རྣམས་ང་ཚོའི་དགོས་མཁོ་དང་འཚམས་པ་ཇི་ཙམ་བྱུང་ཡོད་མེད་སྐོར།
རོགས་དངུལ་ཐབས་འཚོལ་གྱིས་འཆར་འབུལ་གནང་བའི་ལས་འཆར་ཁག་རང་རེའི་དགོས་མཁོ་དང་མ་འཚམས་པ་འདི་འདུག་ཅེས་ཞུ་དཀའ་ནའང་། དཔེར་མཚོན་ཨ་རིའི་རོགས་དངུལ་བརྒྱུད་ལྔ་དང་ལྔ་བཅུའི་ཚོགས་འདུ་རིམ་པར་ཚོགས་ཟིན་པ་ཁག་གི་གྲུབ་དོན་སྙན་ཐོ་ད་དུང་ཡང་ཐོན་མི་འདུག་ཀྱང་། མུ་མཐུད་ལྔ་དང་ལྔ་བཅུའི་མིང་ཐོག་ཚོགས་འདུ་རིམ་པ་འཚོག་འཆར་འདུག་པས་རོགས་དངུལ་གནང་བ་ལྟར་སྤྱི་ཚོགས་ལ་ཐུགས་ཕན་སོན་མིན་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མི་འདུག
༢༽    འདས་པའི་ལོ་བཅུའི་ནང་མ་དངུལ་གྱི་གྲངས་འབོར་ག་ཚོད་འཕར་ཆག་ཕྱིན་ཡོད་མེད་དང་སྤྱི་ཡོངས་དཔལ་འབྱོར་གནས་བབ་བསྐྱར་ཞིབ་སྐོར།
འདས་པའི་ལོ་བཅུའི་རིང་གི་སྔོན་རྩིས་མ་དངུལ་དང་གཏན་འཇགས་མ་དངུལ་གྱི་གནས་བབ་གཤམ་གསལ་ལྟར་རེད་འདུག
ཨང་།
ལོ་དུས།
སྔོན་རྩིས་མ་དངུལ་
སྒོར་ས་ཡ།
འཕར་ཆག་
སྒོར་ས་ཡ།
གཏན་འཇགས་མ་དངུལ་
སྒོར་ས་ཡ།
འཕར་ཆག་
སྒོར་ས་ཡ།
༢༠༠༩།༣།༣༡
༡༩༡༌༩༣

༡༥༦༌༥༡

༢༠༡༠།༣།༣༡
༢༡༣༌༨༤
༢༡༌༩༡
༡༧༠༌༦༦
༡༤༌༡༥
༢༠༡༡།༣།༣༡
༢༦༩༌༠༧
༥༥༌༢༣
༡༧༨༌༣༤
༧༌༦༨
༢༠༡༢།༣།༣༡
༣༢༠༌༡༥
༥༡༌༠༨
༡༩༤༌༢༥
༡༥༌༩༡
༢༠༡༣།༣།༣༡
༣༤༣༌༢༥
༢༣༌༡༠
༢༠༡༌༤༣
༧༌༡༨
༢༠༡༤།༣།༣༡
༣༨༣༌༤༢
༤༠༌༡༧
༢༠༨༌༥༦
༧༌༡༣
༢༠༡༥།༣།༣༡
༤༤༧༌༨༨
༦༤༌༤༦
༢༢༤༌༠༤
༡༥༌༤༨
༢༠༡༦།༣།༣༡
༦༩༡༌༨༡
༢༤༣༌༩༣
༢༥༢༌༨༩
༢༨༌༨༥
༢༠༡༧།༣།༣༡
༨༣༢༌༩༧
༡༤༡༌༡༦
༢༦༩༌༡༩
༡༦༌༣༠
༡༠
༢༠༡༨།༣།༣༡
༩༨༧༌༩༦
༡༥༤༌༩༩
༢༧༨༌༣༤
༩༌༡༥
དབུས་ལས་ཁུངས་ཁག་དང་སྐུ་ཚབ་དོན་གཅོད་ཁག་བཅས་ཀྱི་རྩིས་ལོ་གཉིས་རིང་གི་སྤྱིར་བཏང་མ་དངུལ་
ཕྱོགས་བསྡོམས་གནས་བབ་གཤམ་གསལ་ལྟར་རེད་འདུག
༢༠༡༦༌༌༡༧ སྒོར།
༢༠༡༧༌༌༡༨ སྒོར།
འཕར་ཆག སྒོར།
,༡༧༠,༠༧༡,༨༨༣
,༡༥༥,༨༩༧,༧༦༧
(༡༤,༡༧༤,༡༡༦)
དམིགས་བསལ་ནང་ཤེས་འཕྲོད་གསུམ་གྱི་འདས་པའི་ལོ་གཉིས་རིང་གི་སྤྱིར་བཏང་མ་དངུལ་གནས་བབ་དང་
རྩིས་ལོ་ ༢༠༡༧༌༌༡༨ ལོའི་ནང་ལས་ཁུངས་གསུམ་སོ་སོའི་ཟུར་བཀོལ་ཁོངས་ནས་ལས་འཆར་མིན་པའི་
འགྲོ་གྲོན་སྔོན་རྩིས་གཏན་འབེབས་གཤམ་གསལ་ལྟར་རེད་འདུག
ལས་ཁུངས།
༢༠༡༦༌༌༡༧ སྒོར།
༢༠༡༧༌༌༡༨ སྒོར།
འཕར་ཆག སྒོར།
ཟུར་བཀོལ་འགྲོ་གྲོན་སྒོར།
ནང་སྲིད།
༧༠,༣༦༧,༩༢༧
༡༠༠,༤༠༠,༠༤༤
༣༠,༠༣༢,༡༡༧
༩༡,༨༨༡,༧༧༤
ཤེས་རིག
༨༡,༡༧༤,༡༥༥
༢༡,༤༣༡,༣༤༣
(༥༩,༧༤༢,༨༡༢)
༢༢,༧༣༥,༠༡༦
འཕྲོད་བསྟེན།
༤༩,༡༤༢,༢༣༦
༤༨,༠༧༦,༣༨༡
(,༠༦༥,༨༥༥)
༦༤,༠༠༠,༣༨༣
ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༨ འཁོད་བཙན་བྱོལ་བོད་གཞུང་གི་སྤྱི་ཡོངས་དཔལ་འབྱོར་གནས་བབ་བསྐྱར་ཞིབ་སྙན་ཐོའི་ངོ་བཤུས་ཤིག་ཚོགས་ཆུང་དུ་འབྱོར་བ་ནང་གསལ་ལྟར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་བསྐྱར་ཞིབ་བྱ་དགོས་ཚེ་དུས་ཚོད་གང་འཚམས་ཆེད་གཏོང་གིས་ཟུར་དུ་ཞིབ་འཇུག་དགོས་པ་ལས་ཚོད་དཔག་ཚོགས་ཆུང་གིས་ཉིན་ཤས་ནང་འགྲུབ་ཐུབ་པ་ཞིག་རེད་མི་འདུག
༣༽  དཔལ་ལྡན་ཚོགས་གཙོ་མཆོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསར་མཇལ་སྐབས་དེང་སྐབས་གཞིས་ཆགས་ཁག་རྒན་རྒོན་དང་བྱིས་པ་སྡོད་གནས་ལྟ་བུ་ཆགས་འདུག་པས་དེང་དུས་འཕྲུལ་རྨོས་སོགས་ཀྱི་ཆ་རྐྱེན་དང་ལྡན་པའི་སོ་ནམ་ཞིང་ལས་ཅན་དུ་བསྒྱུར་དགོས་རྒྱུ་གལ་ཆེ་ཡིན་སྐོར་བཀའ་ཕེབས་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་ལ་དེ་ལུགས་བཀའ་ཕེབས་ཡོད་གནས་གསུངས་གནང་སོང་བ་ལྟར། དེ་ལྟའི་ལས་འཆར་གསར་པ་ག་རེ་ཡོད་མེད་བརྟག་ཞིབ་དགོས་རྒྱུ།
ནང་སྲིད་ཟུར་བཀོལ་ཨང་ ༡༌༤ ཅ། སོ་ནམ་ཡར་རྒྱས་ལས་གཞིའི་ཁོངས། སོ་ནམ་གཞིས་ཆགས་ཁག་གི་ཞིང་པ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རང་ཁ་རང་གསོ་ཡོང་ཐབས་སུ་འབད་བརྩོན་དང་། རོགས་སྐྱོར་ཞུས་དང་ཞུ་མུས་ཐོག ད་དུང་སྔར་ལྷག་རང་ཁ་རང་གསོ་ཡོང་ཐབས་སུ་སོ་ནམ་བུན་གཏོང་སྒྲིག་གཞིའི་དགོངས་དོན་བཞིན་དེང་དུས་འཕྲུས་ཆས་ཀྱི་དགོས་མཁོ་སྦྱར་ཏེ་ཞིང་ལས་ཐོན་སྐྱེད་གོང་མཐོར་དང་། སོ་ནམ་པས་ངལ་རྩོལ་གྱི་དཀའ་སྡུག་ཆུང་དུ་བཏང་ནས་ས་སྟོང་བེད་མེད་དུ་མ་བཞག་པར་འདེབས་ལས་ཐུབ་ཐབས་སུ་སོ་ནམ་བུན་གཏོང་གནང་རྒྱུའི་ཆེད་སྒོར་འབུམ་ ༡༧༠ དང་། སོ་ནམ་ཞིང་པའི་འཚོ་ཐབས་སྲ་བརྟན་དང་རང་གསོ་ཐུབ་ཐབས་ཆེད་དུས་ཀྱི་དགོས་མཁོ་དང་འཕོ་འགྱུར་ལ་བསྟུན་ནས་སོ་ནམ་འདེབས་ལས་ཀྱི་ལས་འཆར་ཡར་རྒྱས་གཏོང་རྒྱུའི་ཆེད་སྒོར་འབུམ་ ༣༠༧ ལྷག་དང་། ཟུར་བཀོལ་ཨང་ ༡༌༤ ཏ། མཉམ་འབྲེལ་ཡར་རྒྱས་ལས་གཞིའི་ཁོངས། མཉམ་འབྲེལ་གྱི་འཕྲུལ་བཟོ་དང་འཕྲུལ་རྨོས་སྡེ་ཚན་གྱི་ད་ལྟའི་གནས་སྟངས་དང་མ་འོངས་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་སྐོར་ལ་ཁྱད་ལས་པའི་དཔྱད་ཞིབ་དང་སྦྱོང་བརྡར་ལས་འཆར་ཆེད་སྒོར་བདུན་འབུམ་ལྔ་ཁྲི་ལྷག་བཅས་འཆར་འབུལ་གནང་འདུག
༤༽ འདི་ལོའི་སྔོན་རྩིས་ནང་ཆབ་སྲིད་དང་། ཆོས་ཕྱོགས། ཤེས་ཡོན། སྤྱི་ཚོགས་སོགས་དང་འབྲེལ་བའི་སྔོན་རྩིས་བརྒྱ་ཆ་ཇི་ཙམ་ཆགས་ཡོད་མེད་སྐོར།
འདི་ལོའི་སྔོན་རྩིས་འཆར་འབུལ་ནང་། ཆབ་སྲིད་དང་འབྲེལ་བ་བརྒྱ་ཆ་ ༢༣༌༦༡ དང་། ཤེས་ཡོན་དང་འབྲེལ་བ་བརྒྱ་ཆ་ ༢༢༌༣༦ སྤྱི་ཚོགས་དང་འབྲེལ་བ་བརྒྱ་ཆ་ ༢༡༌༤༡ འཛིན་སྐྱོང་དང་འབྲེལ་བ་བརྒྱ་ཆ་ ༡༥༌༨༡ འཕྲོད་བསྟེན་དང་འབྲེལ་བ་བརྒྱ་ཆ་ ༨༌༢༤ ཆོས་ཕྱོགས་དང་འབྲེལ་བ་བརྒྱ་ཆ་ ༤༌༦༡ ཁྲིམས་བཟོ་དང་འབྲེལ་བ་བརྒྱ་ཆ་ ༣༌༩༧ ཟིན་གྱི་འདུག
༥༽    སྔོན་རྩིས་ནང་འཆར་འབུལ་མེད་ཀྱང་མ་འོངས་པར་དགོས་གལ་ཅན་ཚོགས་ཆུང་ནས་གང་གཟིགས་སྐོར།
ས་གནས་འགོ་འཛིན་ལས་ཁུངས་རྣམས་རང་ཁ་རང་གསོ་ཡོང་ཐབས་ཆེད་ནང་སྲིད་ནས་ལས་འཆར་སྒྲིག་བཞིན་འདུག་ཀྱང་། རྩིས་ལོ་འདིའི་ནང་ས་གནས་འགོ་འཛིན་ལས་ཁང་མང་ཆེ་བའི་རྒྱུན་གྲོན་དང་། ལྷག་པར་དུ་ཕོགས་དང་ཁེ་ཕན་གཞན་ནང་སྲིད་ལས་ཁུངས་ནས་མུ་མཐུད་གནང་བཞིན་འདུག བར་སྐབས་མཉམ་འབྲེལ་ཁག་དང་ས་གནས་འགོ་འཛིན་དབར་དབྱེ་བ་ཕྱེས་ཟིན་ནའང། ནང་སྲིད་ནས་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་བརྒྱུད་མཉམ་འབྲེལ་ཁག་ལ་བལྟ་རྟོག་སྟངས་འཛིན་མུ་མཐུད་གནང་བཞིན་པ་ལྟར། ས་གནས་མཉམ་འབྲེལ་ཁག་གི་དམིགས་ཡུལ་ལྟར་ཤས་བདག་མང་ཚོགས་དང་གོ་བསྡུར་གྱིས་མ་འོངས་པར་ས་གནས་འགོ་འཛིན་མཉམ་འབྲེལ་གྱི་འགན་ལྷན་ཚོགས་མིའི་ཁོངས་སྔར་བཞིན་ཞུགས་ཐབས་ཡོང་བའི་ཞིབ་འཇུག་དགོས་གལ།

༦༽    འདས་ལོའི་ནང་བར་བརྒལ་བཀའ་འཁྲོལ་གྱིས་སྔོན་རྩིས་བརྒྱ་ཆ་ཇི་ཙམ་ཟིན་ཡོད་མེད་དང་། ཁ་བསྒྱུར་མང་པོ་ཆགས་པའི་གནས་སྟངས་ཇི་ཡིན་སྐོར།
༡།       རྩིས་ལོ་ ༢༠༡༨༌༌༡༩ ལོའི་ནང་ཁྱོན་བར་བརྒལ་བཀའ་འཁྲོལ་གྲངས་ ༣༢༠ བསྩལ་འདུག་པ་ལས། ཟུར་བཀོལ་ཁོངས་ཡོང་འཆར་སྒོར་ས་ཡ་ ༣༠༤༌༤༨ བྱས་པ། ༢༠༡༨༌༌༡༩ ལོའི་གཏོང་ལེན་ཁྲིམས་ཡིག་ནང་གསལ་ཡོང་འཆར་གྱི་བརྒྱ་ཆ་ ༡༥༌༣༧ ཟིན་གྱི་འདུག་པ་དང་། འགྲོ་འཆར་སྒོར་ས་ཡ་ ༢༣༢༌༧༤ བྱས་པ། ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གྱི་བརྒྱ་ཆ་ ༡༡༌༨༤ ཟིན་གྱི་འདུག དམིགས་བསལ་ཁོངས་ཡོང་འཆར་སྒོར་ས་ཡ་ ༢༤༣༌༡༦ བྱས་པ། ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གྱི་བརྒྱ་ཆ་ ༣༥༌༤༠ ཟིན་གྱི་འདུག་པ་དང་། འགྲོ་འཆར་སྒོར་ས་ཡ་ ༩༣༌༡༦ བྱས་པ། ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གྱི་བརྒྱ་ཆ་ ༡༣༌༥༦ ཟིན་གྱི་འདུག དེ་བཞིན་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་ཁག་ལྔའི་ཡོང་འཆར་སྒོར་ས་ཡ་ ༣༡༌༤༥ བྱས་པ། ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གྱི་བརྒྱ་ཆ་ ༣༥༌༧༧ ཟིན་གྱི་འདུག་པ་དང་། འགྲོ་འཆར་སྒོར་ས་ཡ་ ༡༧༌༡༧ བྱས་པ། ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གྱི་བརྒྱ་ཆ་ ༥༤༌༦༠ ཟིན་གྱི་འདུག འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྨན་ཁང་ཁག་གསུམ་གྱི་ཡོང་འཆར་སྒོར་ས་ཡ་ ༥༌༥ བྱས་པ། ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གྱི་བརྒྱ་ཆ་ ༦༥༌༥༤ ཟིན་གྱི་འདུག་པ་དང་། འགྲོ་འཆར་སྒོར་ས་ཡ་ ༥༌༧ བྱས་པ། ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གྱི་བརྒྱ་ཆ་ ༧༧༌༩༤ ཟིན་གྱི་འདུག
༢།       རྩིས་ལོའི་ནང་ཁ་བསྒྱུར་བཀའ་འཁྲོལ་གྲངས་ ༥༣ བསྩལ་འདུག་པ་ལས། མང་ཆེ་བ་ས་གནས་འགོ་འཛིན་ལས་ཁུངས་ཁག་དང་། སྐུ་ཚབ་དོན་གཅོད་ཁག ས་གནས་སྨན་ཁང་ཁག་བཅས་སྡེ་ཚན་མང་པོ་དབྱེ་གསེས་ཡོད་པའི་རྐྱེན་གྱིས་རེད་འདུག
༧༽    སྔོན་རྩིས་ཁ་ཤོག་གི་ལས་འཆར་ ཅ༽ ནས་ ཐ༽ བར་མ་དངུལ་ནས་རེད་འདུག་པས་དེའི་གནས་སྟངས་སྐོར།
ཅ༽ ནས་ ཐ༽ བར་གྱི་ལས་འཆར་མང་ཆེ་བ་འདི་ལོ་སྔོན་རྩིས་མ་དངུལ་ནས་གསར་དུ་འཆར་འབུལ་གནང་བ་ཁག་ཟུར་འདོན་གནང་འདུག་པ་ཞིག་ལས་འདི་ལོའི་ལས་འཆར་གྱི་དགོས་དངུལ་ཡོངས་རྫོགས་མ་དངུལ་ནས་གཏོང་འཆར་མིན་པ་ཁ་ཤོག་ ད༽ ནང་ཁ་གསལ་བཀོད་གནང་འདུག
༨༽    གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་རྩིས་ཤོག་ཟུར་དུ་ཡོད་གནས་གསལ་འདུག་པས་དེའི་གནས་སྟངས་སྐོར་ག་འདྲ་ཡིན་མིན།
སྔོན་རྩིས་ཁ་ཤོག་ ན༽ ནང་གསལ་བ་ལྟར་འདི་ལོ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཟུར་བཀོལ་རྩིས་ཤོག་རྩིས་འགོ་གསུམ་ཡོད་པ་ཞིག་ཟུར་དུ་ཕུལ་གནང་འདུག
༩༽    ཚོད་དཔག་ཚོགས་ཆུང་སྔོན་མའི་སྙན་ཐོར་ལག་ལེན་མ་འཁེལ་བ་བྱུང་ཡོད་མེད།
རྩིས་ལོ་ ༢༠༡༨༌༌༡༩ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དོན་ཚན་ ༦།ཇ ནང་། རྩིས་ལོ་འདིར་མི་འབོར་ཞིབ་བཤེར་གནང་རྒྱུའི་ལས་འཆར་འདུག་པ་དེ་སྔ་ལྟར་གང་ཟག་གཅིག་བསྡོམས་ཐོ་འགའི་ནང་དུ་ཡོད་པ་དེ་ལྟར་མ་ཡིན་པར་སུས་བལྟས་ཀྱང་། ཚད་ལྡན་དུ་མངོན་པ་ཞིག་གནང་དགོས་པར་མཐོང་།ཞེས་གསལ་ཐད། འདི་ལོའི་མི་འབོར་ཞིབ་བཤེར་སྐབས་བོད་མི་སོ་སོའི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཨང་གྲངས་ལ་རྩ་འཛིན་བྱས་ཡོད་སྐོར་གསུངས་སོང་ཡང་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་ད་ལྟ་འཐོན་རྒྱུ་རེད་འདུག
སྙན་ཐོ་དོན་ཚན་ ༦།ཏ ནང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་ ༢༠༡༨ ཟླ་ ༣ ཚེས་ ༥ ཉིན་ལས་ཁུངས་ཁག་གིས་རྒྱ་གར་གསར་ཤོག་རིགས་ལེན་གྱི་ཡོད་མེད་རྩད་གཅོད་དགོས་གནས་ཕེབས་པ་བཞིན། ལམ་སེང་ཡིག་ལམ་བརྒྱུད་འབྲེལ་བ་ཞུས་པར། ཚགས་པར་སྐྱེལ་མི་ནད་མནར་གྱིས་ ༢༠༡༧ ཟླ་ ༩།༡༠ ཙམ་ནས་ཚོགས་དྲུང་ལས་ཁུངས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། འཕྲོད་བསྟེན་ལས་ཁུངས་ཙམ་ཕུད། ལས་ཁུངས་གཞན་རྣམས་ལ་གསར་ཤོག་འབྱོར་གྱི་མེད་གནས། གོང་གསལ་ལས་ཁུངས་གསུམ་ཡང་ལས་བྱེད་ཆེད་གཏོང་གིས་བླངས་པ་མ་གཏོགས་གནས་སྟངས་གཅིག་གྱུར་རེད་འདུག དེས་ན་བརྙན་དེབ་གསར་ཤོག་ལེན་ཆེད་ལས་ཁུངས་རེ་ནས་མི་རེ་འགྲོ་མི་དགོས་པར། འཛིན་སྐྱོང་བཀའ་ཤག་ནས་གཅིག་འཐུས་ཐུབ་པའི་ལམ་སྟོན་གནང་གལ། ཞེས་གསལ་ཐད། དཔལ་འབྱོར་བཀའ་བློན་མཆོག་གིས་ཐབས་ཤེས་མང་པོ་གནང་འདུག་ཀྱང་གྲུབ་འབྲས་སོན་པ་བྱུང་མི་འདུག

བཞི།  རྩིས་ལོ་ ༢༠༡༩༌༌༌༢༠ ལོའི་སྔོན་རྩིས་ལ་བཀའ་ཤག་གིས་འགྲོ་གྲོན་རྒྱབ་གཉེར་གནང་ཕྱོགས།
༡༽    འགྲོ་གྲོན་རྒྱབ་གཉེར།
ཀ༽     བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༩༌༌༢༠ ལོའི་རྒྱུན་གྲོན་དང་དམིགས་བསལ་ལས་དོན། ཟུར་བཀོལ་དམིགས་བཀར་ལས་འཆར་བཅས་པར་བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་ ༢༥,༠༥༌༣༣ འཆར་འབུལ་གནང་འདུག་པ་དང་། དགོས་དངུལ་དེ་རྣམས་རྩིས་ལོ་ ༢༠༡༨༌༡༩ ལོའི་ཐོག་མའི་ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་ ༢,༦༥༢༌༥༥ གནང་བ་ལས་སྒོར་ས་ཡ་ ༡༤༧༌༢༢ དང་བརྒྱ་ཆ་ ༥༌༥༥ ཉུང་བ་ཆགས་འདུག
ཁ༽    གོང་གསལ་དགོས་དངུལ་ནས་སྒོར་ས་ཡ་ ༡,༧༡༢༌༦༣ ཟུར་བཀོལ་དང་སྒོར་ས་ཡ༌ ༧༩༢༌༧༠  སྔོན་རྩིས་མ་དངུལ་ནས་གཏོང་རྒྱུ་འཆར་འབུལ་ཞུས་འདུག
ག༽             ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ཁག་ ༥ དང་ལྷོ་སྤྱི་ལས་ཁུངས་བཅས་ཀྱི་འགྲོ་གྲོན་དགོས་དངུལ་བསྡོམས་སྒོར་ས་ཡ་ ༣༢༌༦༦ དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་གསུམ་གྱི་འགྲོ་གྲོན་དགོས་དངུལ་བསྡོམས་སྒོར་ས་ཡ་ ༤༌༩༡ རྒྱབ་གཉེར་གནང་བ་གཉིས་གོང་གསལ་ཕྱོགས་བསྡོམས་འགྲོ་གྲོན་འཆར་འབུལ་ཁོངས་ཚུད་མི་འདུག
༢༽    རྒྱབ་གཉེར་གནང་ཕྱོགས།
ཀ༽    རྒྱུན་གྲོན་དགོས་དངུལ་འཕར་ཆག་ལ་གཞིགས་པའི་རྒྱུ་མཚན་ཡོད་ན་ལས། དེ་མིན་འདས་པའི་རྩིས་ལོ་ལྔའི་ངོ་སོང་དང་། རྩིས་ལོ་ ༢༠༡༨༌༌༢༠༡༩ ལོའི་སྔོན་རྩིས་བཀའ་འཁྲོལ། འགྲོ་བཞིན་པའི་རྩིས་ལོའི་ཕྱི་ཟླ་ ༡༢ བར་གྱི་ངོ་སོང་བཅས་ལ་གཞི་བཅོལ་གྱིས་དགོས་དངུལ་འདང་ངེས་དང་། དམིགས་བསལ་དང་།  ཟུར་བཀོལ་དུ་གསལ་བའི་ལས་འཆར་ཁག་དགོས་ངེས་ལག་བསྟར་ཐུབ་ངེས་རིགས་རྒྱབ་གཉེར་ཞུས་ཡོད་ཅེས་གསལ་འདུག
ཁ༽    ཕྱི་རྒྱལ་དུ་ཡོད་པའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་སྔོན་རྩིས་ཡུལ་ལུང་སོ་སོའི་དངུལ་འབབ་ཐོག་འཆར་འབུལ་ཞུ་སྲོལ་ལྟར་ཞུས་ཏེ། སྔོན་རྩིས་ཕྱོགས་བསྡོམས་རྒྱབ་གཉེར་ཧིན་སྒོར་ནང་ཞུ་དགོས་པས། ཡུལ་སྒོར་སོ་སོའི་འཛའ་ཐང་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ནས་ ༢༠༡༨ ཟླ ༡༡ ཚེས ༡༡ བར་གྱི་ཆ་སྙོམས་འཛའ་འབབ་དང་། ཕྱི་ལོ ༢༠༡༨ ཟླ ༡༡ ཚེས་ ༡༡ ཉིན་གྱི་འཛའ་ཐང་གཉིས་ནས་གང་ཉུང་བ་ལྟར་ཧིན་སྒོར་ནང་འཛའ་བསྒྱུར་གནང་ཡོད་འདུག
ག༽    སྔོན་རྩིས་ཁ་ཤོག་ཏུ་མཐའ་མའི་བཀའ་འཁྲོལ་རེའུ་མིག་ནང་རྩིས་ལོ་ ༢༠༡༨༌༌༢༠༡༩ ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་དང་། དེའི་རྗེས་ཀྱི་བར་བརྒལ་བཀའ་འཁྲོལ་ཆ་ཚང་བསྣན་ཏེ་བཀའ་འཁྲོལ་ཐོབ་འབབ་འགོད་འབུལ་ཞུས་འདུག་པ་དང་། ཕྱི་ལོ་ ༢༠༡༨ ཟླ ༤ ནས་ཕྱི་ལོ ༢༠༡༩ ཟླ་ ༡ བར་གྱི་བར་བརྒལ་བཀའ་འཁྲོལ་ཟུར་བཀོལ་ཁོངས་ཡོང་འཆར་སྒོར་ས་ཡ ༣༠༤༌༤༨ དང་། འགྲོ་འཆར་སྒོར་ས་ཡ་ ༢༣༢༌༧༤ དེ་བཞིན་དམིགས་བསལ་ཁོངས་འགྲོ་འཆར་སྒོར་ས་ཡ་ ༩༣༌༡༦ དང་། སྔོན་རྩིས་ཡོང་དམིགས་ལ་ཕན་པ་ཡོང་འཆར་སྒོར་ས་ཡ་ ༢༤༣༌༡༦ བཅས་བཀའ་འཁྲོལ་བསྩལ་བའི་ཞིབ་གནས་མཉམ་འབུལ་གནང་འདུག
ང༽    རྩིས་ལོ་ ༢༠༡༨༌༌༢༠༡༩ ལོའི་རྒྱུན་གྲོན་ཐད་སྔོན་རྩིས་གཏན་འབེབས་རྗེས་སྒྲིག་གསལ་རྩིས་འགོ་ཕན་ཚུན་ཁ་བསྒྱུར་བཀའ་འཁྲོལ་ཞུ་བསྩལ་ཇི་བྱུང་ལྟར་ཕྱོགས་སྒྲིག་གིས་འགོད་འབུལ་ཡང་གནང་འདུག
ཅ༽    དམིགས་བསལ་ཆོས་ཚོགས་ཆེད་སྤོམ་དངུལ་སྒོར་ས་ཡ་ ༡ དང་། དགོན་སྡེ་ཁག་གི་དཔེ་ཁྲིད་དང་དཔེ་ཆའི་དགེ་རྒན་རྣམས་ཀྱི་གསོལ་ཕོགས་ཆེད་སྒོར་ས་ཡ་ ༡༥༌༤༠ བོད་ཀྱི་ཟློས་གར་ཚོགས་ཁང་གསར་རྒྱག་ཆེད་སྒོར་ས་ཡ་ ༣༥༌༠༠ བོད་ཀྱི་རིག་གཞུང་དང་རྩོམ་སྒྱུར་ཟབ་སྦྱོང་ཆེད་སྒོར་ས་ཡ་ ༡༌༠༥ བཅས་སྔོན་རྩིས་མ་དངུལ་རྩིས་ཁོངས་ནས་གཏོང་རྒྱུ་གསར་དུ་འཆར་འབུལ་ཞུས་འདུག
ཆ༽    བོད་ནས་རྗེས་འབྱོར་བ་སྡོད་ཁང་མ་ཐོབ་པ་རྣམས་ལ་སྡོད་ཁང་གསར་སྐྲུན་དོད་འབུལ་ཆེད་སྒོར་ས་ཡ་ ༥༠ དང་། སྦན་ད་ར་གཞིས་ཆགས་ཀྱི་གཞུང་ལམ་གསར་རྒྱག་ཆེད་སྒོར་ས་ཡ་ ༦༌༤༢ ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཆགས་འབྲེལ་ཡོད་རྣམས་ཀྱི་འཚོ་སྣོན་དང་སྨན་བཅོས་ཆེད་སྒོར་ས་ཡ་ ༡ ཁྱི་ནད་སྔོན་འགོག་དང་སེམས་ཁམས་འཕྲོད་བསྟེན། མཛེ་ནད་སྨན་བཅོས་དང་འཚོ་སྣོན་བཅས་ཀྱི་ཆེད་སྒོར་འབུམ་ ༥༌༢ བོད་མིའི་སྒྲིག་འཛུགས་ཁུལ་ཆུ་དང་གཙང་འཕྲོད་ཆེད་སྤོམ་དངུལ་སྒོར་འབུམ་ ༦ བཅས་སྔོན་རྩིས་མ་དངུལ་ནས་གཏོང་དགོས་གསར་དུ་འཆར་འབུལ་ཞུས་འདུག
ཇ༽    མང་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་དང་བོད་ཕྲུག་ཚོའི་ཤེས་ཡོན་སྤུས་ཚད་གོང་མཐོར་ཡོང་རྒྱུར་གལ་འགངས་ཆེ་བས་འདི་ལོ་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་ཅིག་ལ་འགྲོ་གྲོན་རོགས་སྐྱོར་སྒོར་ས་ཡ་ ༤༥༌༠༢ དང་ཤེས་རིག་ཐད་འཛིན་སློབ་གྲྭ་ཁག་ཅིག་ལ་འགྲོ་གྲོན་རོགས་སྐྱོར་སྒོར་ས་ཡ་ ༤༩༌༩༣ བཅས་བསྡོམས་སྒོར་ས་ཡ་ ༩༤༌༩༥ སྔོན་རྩིས་མ་དངུལ་ནས་གཏོང་རྒྱུ་གསར་དུ་འཆར་འབུལ་ཞུས་འདུག
ཉ༽    དམིགས་བསལ་ཚོགས་ཆེན་ཆེད་སྤོམ་དངུལ་སྒོར་ས་ཡ་ ༡༠ དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༨ པའི་ཆེད་སྒོར་ས་ཡ་ ༡༢༌༣༠ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༦ པའི་ཆེད་སྒོར་ས་ཡ་ ༢ བཅས་འདི་ལོ་སྔོན་རྩིས་མ་དངུལ་ནས་གསར་དུ་གཏོང་རྒྱུ་འཆར་འབུལ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་ཆེད་སྒོར་ས་ཡ་ ༡༡༌༧༢ བཅས་འཆར་འབུལ་ཞུས་ཡོད་གནས་གསལ་འདུག
ཏ༽    རྒྱ་བལ་འབྲུག་གསུམ་ནང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཟབ་སྦྱོང་ཆེད་སྒོར་ས་ཡ་ ༡༌༢ སྔོན་རྩིས་མ་དངུལ་ནས་གཏོང་རྒྱུ་གསར་དུ་འཆར་འབུལ་ཞུས་འདུག
ཐ༽    མང་ཚོགས་ཀྱི་ལུས་ཁམས་འཕྲོད་བསྟེན་བདེ་ཐང་དང་སྨྱོ་རྫས་ངན་གོམས་སུ་མི་འགྲོ་བའི་ཆེད་འདི་ལོ་ས་ཁག་དུ་རྩེད་ཐང་གསར་རྒྱག་དང་ཉམས་གསོ། རྒྱལ་ཡོངས་སིལ་སྤོལ་འགྲན་བསྡུར། ལུས་རྩལ་ཡོ་ཆས་ (Open Gym) བཅས་ཀྱི་ལས་གཞིའི་ཆེད་སྒོར་ས་ཡ་ ༡༦༌༧༥ སྔོན་རྩིས་མ་དངུལ་ནས་གཏོང་རྒྱུ་འཆར་འབུལ་ཞུས་འདུག
ད༽    རོགས་དངུལ་ཐབས་ཤེས་ཁོངས་ནས་ཤེས་ཡོན་དང་། འགོ་འཁྲིད་སྐྱེ་སྲིང་། སྤྱི་ཚོགས་འཚོ་རྟེན་ཡར་རྒྱས་ལ་སྨན་པའི་ལས་འཆར་ཁག་འབྲེལ་ཆགས་ལས་ཁུངས་སོ་སོའི་སྔོན་རྩིས་སུ་འཆར་འབུལ་ཞུས་ཡོད་འདུག
ན༽    གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་འདི་ལོ་རྒྱ་གར་དངུལ་ཁང་ཆེན་མོ་ནས་བུན་གཏོང་ལས་གཞི་དངོས་སུ་འགོ་འཛུགས་ཆོག་པའི་ཁྲིམས་མཐུན་ཆོག་མཆན་ཐོབ་ཡོད་སྟབས་སྔོན་རྩིས་འཆར་འབུལ་ལོགས་སུ་འགོད་འབུལ་ཞུས་འདུག་པ་བཅས།

ལྔ།  ཚོགས་ཆུང་གི་སྤྱི་ཡོངས་མཐོང་ཚུལ།
༡༽    རྩིས་ལོ་ ༢༠༡༨༌༌༡༩ ལོའི་ནང་ཁ་བསྒྱུར་བཀའ་འཁྲོལ་གྲངས་མང་པོ་ཞུས་འདུག་པའི་ཁོངས། རྩིས་ལོ་ ༢༠༡༩༌༌༢༠ ལོའི་སྔོན་རྩིས་འཆར་འབུལ་སྐབས་ལས་ཁུངས་འགའ་ཞིག་ནས་ཐོག་མའི་སྔོན་རྩིས་འཆར་འབུལ་ལྟར་ལ་ཕྱིར་ལོག་པ་ལས་ཁ་བསྒྱུར་ལ་མ་ལྟོས་པ་ལྟ་བུ་མང་པོ་ཞིག་འདུག་པས་མ་འོངས་སྔོན་རྩིས་འཆར་འབུལ་སྐབས་དེ་རིགས་ལ་ཐུགས་སྣང་ངེས་པར་དུ་དགོས་པར་མངོན།
༢༽    འདི་ལོའི་ལས་ཁུངས་སོ་སོའི་སྔོན་རྩིས་འཆར་འབུལ་གྱི་རྩིས་ཤོག་དང་། བཀའ་ཤག་གི་བཀའ་འཁྲོལ་རྒྱབ་གཉེར་དབར་གཅོག་ཆ་ཞུས་པ་རེ་གཉིས་ལས་མཐོང་རྒྱུ་མི་འདུག་པ་ནི། བཀའ་ཤག་གིས་འཛིན་སྐྱོང་དཔལ་འབྱོར་གྱི་འགན་ཁུར་གནང་གི་ཡོད་པར་བརྟེན་དགོས་གལ་ལ་གཟིགས་ནས་རྒྱབ་གཉེར་གང་གནང་ལྟར་རྩིས་ཤོག་ལའང་བཟོ་བཅོས་གནང་བཅུག་པ་ཞིག་ཡིན་འདུག་ཅིང་། ད་ལན་ཚོགས་ཆུང་ལ་ལས་ཁུངས་ཁག་སུས་ཀྱང་དེ་རིགས་ཀྱིས་མ་འགྲིག་པའི་གནས་ཚུལ་ཞུ་མཁན་མ་བྱུང་ནའང་མ་འོངས་པར་ལས་ཁུངས་སོ་སོའི་དགོས་མཁོ་དང་མ་འཚམས་པའི་གཅོག་ཆ་རིགས་བྱུང་ཡོད་ཚེ་ཚོད་དཔག་ཚོགས་ཆུང་ལ་སྙན་འབུལ་ཞུ་ལམ་མེད་པ་མ་མཐོང་།
༣༽   བཀའ་ཤག་གི་སྔོན་རྩིས་ཁ་ཤོག་ནང་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༩༌༌༢༠ ལོའི་རྒྱུན་གྲོན་དང་དམིགས་བསལ་ལས་དོན། ཟུར་བཀོལ་དམིགས་བཀར་ལས་འཆར་བཅས་པར་བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་ ༢༥,༠༥༌༣༣ འཆར་འབུལ་ཞུ་རྒྱུ་ཡིན་པ་དང་། དགོས་དངུལ་འདི་དག་རྩིས་ལོ་ ༢༠༡༨༌༌༡༩ ལོའི་ཐོག་མའི་ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་ ༢,༦༥༢༌༥༥ གནང་བ་ལས་སྒོར་ས་ཡ་ ༡༤༧༌༢༢ དང་བརྒྱ་ཆ་ ༥༌༥༥ ཉུང་བ་བྱེད་ཀྱི་ཡོད། ཅེས་གསལ་འདུག འདི་ལོའི་སྔོན་རྩིས་ཕྱོགས་བསྡོམས་འགྲོ་གྲོན་ཁྱོན་ཡོངས་ནས་གོང་གསལ་ལྟར་ཉུང་བ་ཆགས་ཀྱི་འདུག་ཀྱང་། སྔོན་རྩིས་མ་དངུལ་དང་ཟུར་བཀོལ་སོ་སོ་ནས་འཕར་ཆག་གཤམ་གསལ་ལྟར་བྱེད་ཀྱི་འདུག སྔོན་རྩིས་མ་དངུལ་ནས་འདི་ལོ་སྒོར་ས་ཡ་ ༡༠༥༌༨༦ མང་བ་དང་། ཟུར་བཀོལ་ནས་འདི་ལོ་སྒོར་ས་ཡ་ ༢༥༣༌༠༧  ཉུང་བ་བྱེད་ཀྱི་འདུག ཟུར་བཀོལ་ཁོངས་ཉུང་དུ་ཕྱིན་དོན་ཡང་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཟུར་བཀོལ་ནང་གཏན་ཉིན་སློབ་གྲྭ་ཁག་ (C.S.T.) གི་འགྲོ་གྲོན་ཁོངས་ནས་སྒོར་ས་ཡ་ ༢༣༣༌༤༥ ཉུང་དུ་ཕྱིན་པ་སོགས་ཀྱི་རྐྱེན་པས་རེད་འདུག
༤༽   བཀའ་ཤག་གི་སྔོན་རྩིས་ཁ་ཤོག་ནང་དམིགས་བསལ་ཚོགས་ཆེན་ཆེད་སྤོམ་དངུལ་སྒོར་ས་ཡ་ ༡༠ རྒྱབ་གཉེར་གནང་ཡོད་གནས་གསལ་འདུག་ཀྱང་། འདི་ལོའི་སྔོན་རྩིས་ནང་ཚོགས་དྲུང་ལས་ཁུངས་ཀྱི་དམིགས་བསལ་ཁོངས་སྒོར་ས་ཡ་ ༡༠ དང་། རང་བདེན་ཚོགས་ཆུང་ཁག་གི་དམིགས་བསལ་ཁོངས་སྒོར་ས་ཡ་ ༡༌༡༨ གཞན་ཡང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་སོ་སོའི་དམིགས་བསལ་དང་ཟུར་བཀོལ་ཁོངས་སྒོར་ས་ཡ་ ༡༌༡༢ བཅས་རྒྱབ་གཉེར་གནང་འདུག
༥༽    ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་རྩིས་འགོ་ཨང་ ༥ པ། སློབ་གྲྭ་ཁག་ལ་རྒྱུན་གྲོན་རོགས་སྐྱོར། (༢༠༡༩༌༌༢༠ ནས་ ༢༠༢༡༌༌༢༢ བར། ) ཞེས་གསལ་ནའང་། རྩིས་གསལ་སྒོར་ས་ཡ་ ༤༩༌༩༣ འཆར་འབུལ་གནང་བ་དེ་རྩིས་ལོ་གཅིག་རང་གི་འགྲོ་གྲོན་ལས་གོང་གསལ་གུག་རྟགས་ནང་གསལ་རྩིས་ལོ་གསུམ་གྱི་འགྲོ་གྲོན་རེད་མི་འདུག་པས་མ་འོངས་པར་འཆར་འབུལ་གནང་སྐབས་རྩིས་ལོ་གང་ཡིན་པ་དེ་རང་བཀོད་ན་ལེགས་པར་མངོན།
༦༽    དེབ་སྐྱེལ་ཡོད་པའི་ལས་ཁུངས་ཆེ་ཁག་རྣམས་ཀྱི་རྒྱུན་གྲོན་ཟུར་བཀོལ་ཁོངས་ནས་གཏོང་བཞིན་པ་རྣམས་དང་། དམིགས་བསལ་ཁོངས་ལས་འཆར་གྱི་དགོས་དངུལ་སྔོན་རྩིས་མ་དངུལ་ནས་གཏོང་བཞིན་པ་གཉིས་ལས་ལོ་ལྟར་མ་དངུལ་ནས་གཏོང་དགོས་མང་བ་ཆགས་བཞིན་འདུག་པས་མ་འོངས་པར་འདི་ལྟར་མུ་མཐུད་འགྲོ་དགོས་ཆགས་ཚེ། རྒྱུན་གྲོན་རྣམས་སྔོན་རྩིས་མ་དངུལ་རང་ནས་གཏོང་སྟེ་ལས་འཆར་གྱི་དགོས་དངུལ་ཆ་ཚང་ལས་ཁུངས་སོ་སོ་ནས་གཏོང་ཐབས་ཡོད་མེད་དགོངས་བཞེས་དགོས་རྒྱུ་མཐོང་།
༧༽    རྩིས་ལོ་ ༢༠༡༨༌༌༡༩ ལོའི་ནང་སྔོན་རྩིས་མ་དངུལ་ནས་ཨར་རྒྱག་འཛུགས་སྐྲུན་ཆེད་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་ཐོག་བར་བརྒལ་བཀའ་འཁྲོལ་བསྣན་པའི་མཐའ་མའི་བཀའ་འཁྲོལ་སྒོར་ས་ཡ་ ༡༨༨༌༩༢ བྱས་འདུག་པ་དང་། དེ་ལ་ཕན་པ་བྱུང་ཆ་ཚང་བཀའ་ཤག་གིས་ཐབས་འཚོལ་ཞུས་ཟིན་འདུག
༨༽    ཨ་རིའི་རོགས་དངུལ་ཕོན་ཆེ་ཞིག་སྨན་བཅོས་བལྟ་སྐྱོང་ལས་གཞིར་བཏང་དང་གཏོང་བཞིན་པ་ལྟར། སྨན་བཅོས་བལྟ་སྐྱོང་ལས་གཞིའི་ཚོགས་མིར་འཛུལ་ཞུགས་བྱེད་མཁན་མ་འཕར་ཚེ་ལས་གཞི་འདི་ཉིད་དམིགས་ཡུལ་ལྟར་འགྲུབ་དཀའ་བར་བརྟེན། འཕྲོད་བསྟེན་ལས་ཁུངས་ཙམ་མིན་པར་འབྲེལ་ཆགས་ལས་ཁུངས་གཞན་དང་། གནད་ཡོད་མི་སྣ་ཁག་བཅས་ནས་རྒྱ་ཆེའི་མང་ཚོགས་ལ་འཛུལ་ཞུགས་དགོས་པའི་ལམ་སྟོན་སྔར་ལྷག་བཞེས་དགོས་གལ་མཐོང་།
༩༽    ནང་སྲིད་ཟུར་བཀོལ་ཁོངས་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་གྱི་ལས་གཞིའི་འཆར་འབུལ་སྐབས་ས་གནས་མི་མང་རང་གི་མངོན་འདོད་གཅིག་པུས་དམིགས་ཡུལ་ལྟར་འགྲུབ་དཀའ་བར་བརྟེན་ཐོག་མའི་འཆར་འགོད་སྐབས། ཁྱད་ལས་མི་སྣ་དང་། ནང་སྲིད་ཀྱི་འབྲེལ་ཡོད་ལས་བྱེད། ས་གནས་སོ་སོའི་མང་ཚོགས་བཅས་གོ་བསྡུར་གནང་ཚེ་ས་གནས་ལ་ཕན་ཐོགས་པ་དང་ལས་གཞི་རྒྱུན་གནས་ཐུབ་པའི་ཕན་ཁྱད་ཆེ་བར་མངོན།
༡༠༽   འགྲོ་བཞིན་པའི་རྩིས་ལོའི་སྔོན་རྩིས་བཀའ་འཁྲོལ་རྗེས་ཀྱི་བར་བརྒལ་བཀའ་འཁྲོལ་གང་ཞུས་ཀྱི་ཐོ་གཞུང་ཚོད་དཔག་ཚོགས་ཆུང་ལ་འབུལ་སྲོལ་འདུག་པ་ལྟར། མ་འོངས་པར་ལས་ཁུངས་སོ་སོ་དབྱེ་གསེས་ཀྱིས་འབུལ་ཐུབ་ཚེ་དགེ་མཚན་ཆེ་བར་མངོན།

དྲུག  ཚོགས་ཆུང་གི་རྒྱབ་གཉེར།
༡༽    རྩིས་ལོ་འདིའི་ནང་བཀའ་ཤག་གི་རྒྱབ་གཉེར་གནང་བའི་འགྲོ་གྲོན་ཆ་ཚང་ལ་ཚོགས་ཆུང་ནས་སྤར་གཅོག་གང་ཡང་མེད་པར་རྒྱབ་གཉེར་ཞུས་ཡོད།
༢༽    ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་སྔོན་རྩིས་ཡུལ་ལུང་སོ་སོའི་དངུལ་འབབ་ཐོག་འཆར་འབུལ་གྱིས་ཕྱོགས་བསྡོམས་ཆེད་ཧིན་སྒོར་ནང་བཀའ་ཤག་གིས་འཛའ་བསྒྱུར་གང་གནང་བ་ཇི་བཞིན་ལ་རྒྱབ་གཉེར་ཞུས་ཡོད།
༣༽   རྩིས་ལོ་འདིའི་ནང་བཀའ་ཤག་གིས་སྔོན་རྩིས་བཀའ་འཁྲོལ་རྒྱབ་གཉེར་གནང་བའི་ཁོངས་ལས་ཁུངས་མང་པོའི་སྤོམ་དངུལ་འདྲ་མིན་ལ་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༧ པའི་ནང་གསེས་ ༣ པ་ལྟར་རྒྱབ་གཉེར་གནང་བའི་ཐམ་ག་སྔར་ལས་མང་བ་ཕབ་འདུག་པའི་སྐོར་བཀའ་འདྲི་ཞུས་སྐབས་རྒྱབ་ལྗོངས་གཏན་འབེབས་ལྟར་ཁ་གསལ་མེད་སྐོར་དང་། ལས་ཁུངས་མང་པོ་ཞིག་ནས་སྤོམ་དངུལ་བེད་ལོག་གཏོང་ཉེན་སོགས་ལ་ལྟོས་པ་ཡིན་སྐོར་གསུངས་སོང་ནའང་། སྔོན་རྩིས་སྒྲིག་གཞི་དོན་ཚན་ ༧ པའི་ནང་གསེས་ ༣ པའི་ནང་། ཨར་ལས་དང་། བཟོ་འཕྲུལ་འཛུགས་སྐྲུན་རིགས་ཀྱི་ཚོད་དཔག་རྩིས་འཆར་འབྲེལ་ཡོད་ཁྱད་མཁས་ཀྱི་མི་སྣས་སྲོལ་མཐུན་བཀོད་པ་དགོས་ངེས་ཀྱི་ས་ཁྲ་དང་། ཚད་རིས་བཅས་ཆ་ཚང་མཉམ་སྦྱར་དགོས་པ་དང་། ཅ་དངོས་ཉོ་སྒྲུབ་དགོས་རིགས་གོང་ཐང་ཚད་འཛིན་ཡིག་ཆ་ཁག་ཀྱང་མཉམ་སྦྱར་གྱིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་འབུལ་དགོས། ཅི་སྟེ་དེ་འདྲའི་ཞིབ་ཆའི་ཚོད་དཔག་སྔོན་རྩིས་འགོད་འབུལ་མ་ཐུབ་པའི་རིགས་འབྲེལ་ཡོད་ལས་ཁུངས་ནས་གཏན་འབེབས་བྱས་པའི་རོབ་ཚོད་ཀྱི་ཚད་གཞི་ལྟར་སྔོན་རྩིས་སུ་བཀོད་པ་བཀའ་འཁྲོལ་ཆོག་རྒྱུ་དང་། དངུལ་འབབ་མ་བཏོན་སྔོན་དུ་ཞིབ་ཆའི་སྲོལ་མཐུན་ཚོད་དཔག་སྔོན་རྩིས་དང་། འབྲེལ་ཡོད་ཡིག་ཆ། ས་ཁྲ་དགོས་རིགས་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཏེ་བཀའ་འཁྲོལ་བྱུང་མཚམས་དགོས་དངུལ་འདོན་འཐུས། ཞེས་གསལ་ཡོད་པ་ལྟར། ཨར་ལས་དང་། བཟོ་འཕྲུལ་འཛུགས་སྐྲུན། ཅ་དངོས་ཉོ་སྒྲུབ་བཅས་ཀྱི་རོབ་ཚོད་ཚད་གཞིའི་དངུལ་འབབ་གྲངས་ཚད་ལོངས་ངེས་ཤིག་ཡོད་ཀྱང་། རྒྱབ་ལྗོངས་ཞིབ་ཕྲ་མེད་པ་རྣམས་ལ་སྒྲིག་གཞི་དོན་ཚན་ ༧ པའི་ནང་གསེས་ ༣ པ་ལྟར་བཀའ་འཁྲོལ་བསྩལ་དགོས་པ་ལས་སྤོམ་དངུལ་ཞེས་འཁོད་ཚད་དང་ལས་གཞིའི་དགོས་དངུལ་འདང་ངེས་རྩ་བ་ནས་མེད་པ་རྩིས་འགོ་ཟིན་བྱེད་སྤོམ་དངུལ་བཀོད་དེ་བར་བརྒལ་བཀའ་འཁྲོལ་ཞུ་དགོས་རིགས་ལ་རྒྱབ་གཉེར་དེས་ཕན་ཐོགས་མེད་པ་ཚོགས་ཆུང་ནས་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཚོགས་དྲུང་ལས་ཁུངས་ཀྱི་དམིགས་བསལ་རྒྱུན་གྲོན་ཨང་ ༤ པ་དང་།  དམིགས་བསལ་ཨང་ ༣ པ་ལྟ་བུའི་རིགས་ལ་རྒྱབ་གཉེར་དེ་ལྟར་མི་དགོས་པ་དང་། དཔལ་འབྱོར་ལས་ཁུངས་ཀྱི་དམིགས་བསལ་རྩིས་འགོ་ཨང་ ༢ པ་ལྟ་བུ་རྗེས་སུ་བར་བརྒལ་བཀའ་འཁྲོལ་ཞུ་དགོས་རིགས་ལ་རྒྱབ་གཉེར་དེས་མ་ཁྱབ་པ་ངོས་འཛིན་བྱ་རྒྱུ།
༤༽   དེང་སྐབས་ལས་ཁུངས་ཚང་མར་དྲ་རྒྱའི་མཐུན་རྐྱེན་ཡོད་པར་བརྟེན་སྔོན་རྩིས་བཀའ་འཁྲོལ་ཁོངས་ཞུས་པ་ནང་བཞིན་གྱི་བརྙན་དེབ་གསར་ཤོག་རྣམས་ལས་ཁུངས་སོ་སོ་ནས་བལྟ་ཀློག་བྱེད་ཀྱི་ཡོད་མེད་ཤེས་དཀའ་བ་དང་། བཀའ་འཁྲོལ་ཞུས་པའི་ཚགས་ཤོག་ཆ་ཚང་དགོས་མཁོ་ཡོད་མེད་བཤད་དཀའ་བ། མིང་འཁོད་པའི་ཚགས་ཤོག་ཁ་ཤས་འབྱོར་སོན་བྱུང་མེད་པ། དབུས་ལས་ཁུངས་ཁག་ཏུ་རྒྱ་གར་གྱི་ཚགས་ཤོག་སྐྱེལ་མཁན་མི་འགྲོ་ཚད་ལྡན་མེད་པ་སོགས་ཀྱི་གནས་སྟངས་ལ་བསྐྱར་ཞིབ་ཀྱིས་མ་འོངས་པར་བོད་དོན་དང་འབྲེལ་བའི་ཚགས་པར་གྱི་བཅད་ཤོག་ཟུར་དུ་མངགས་ཉོ་དང་། འབྲེལ་ཡོད་ལས་ཁུངས་རེ་ཟུང་ལ་དགོས་མཁོ་ངེས་ཅན་གྱི་བརྙན་དེབ་གསར་ཤོག་བཀའ་འཁྲོལ་བསྩལ་དགོས་རྒྱུ།
༥༽    རྩིས་ལོ་ ༢༠༡༨༌༌༡༩ ལོའི་ཕྱི་དྲིལ་ལས་ཁུངས་ཀྱི་སྦྲག་གླར་ཁ་བསྒྱུར་བཀའ་འཁྲོལ་ཐེངས་གཉིས་ཞུས་འདུག་ཅིང་། ཁ་བསྒྱུར་རྗེས་མའི་སྐབས་ཁ་བསྒྱུར་དང་པོ་ལ་མ་ལྟོས་པ་མ་ཟད། ཁ་བསྒྱུར་རྩིས་ཤོག་ནང་མཐའ་མའི་བཀའ་འཁྲོལ་བསྡོམས་ནོར་གྱིས་བཀོད་འདུག་པ་དང་། བདལ་གླར་ཁ་བསྒྱུར་ཞུས་སྐབས་སྔོན་རྩིས་ཀྱི་ཐོག་མའི་བཀའ་འཁྲོལ་བཀོད་ནོར་གྱིས་ཁ་བསྒྱུར་བཀའ་འཁྲོལ་བསྩལ་འདུག་པ་བཅས་ནི། འཆར་འབུལ་གནང་མཁན་ཕྱི་དྲིལ་ལས་ཁུངས་དང་། བཀའ་འཁྲོལ་རྒྱབ་གཉེར་གནང་མཁན་བཀའ་ཤག བཀའ་འཁྲོལ་གནང་མཁན་སྤྱི་འཐུས་རྒྱུན་ལས་བཅས་ཚང་མས་ནོར་འཛོལ་ཤོར་འདུག ཁ་བསྒྱུར་ག་འདྲ་ཞུས་ཀྱང་རྒྱུན་གྲོན་གྱི་བསྡོམས་འབོར་ལ་འགྱུར་བ་ཐེབས་ལམ་མེད་པར་བརྟེན་གོང་གསལ་རྩིས་འགོ་གཉིས་ཀྱི་བསྡོམས་འབོར་རྩིས་ལོ་ ༢༠༡༩༌༌༢༠ ལོའི་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་རྩིས་ཤོག་ཏུ་བཀོད་པ་ལྟར་ལ་རྒྱབ་གཉེར་ཞུས་ཡོད་པས་ ༢༠༡༨༌༌༡༩ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་ཏུ་དེ་བཞིན་གསལ་དགོས་རྒྱུ།
༦༽    རྩིས་ལོ་ ༢༠༡༨༌༌༡༩ ལོའི་ཕྱི་དྲིལ་ལས་ཁུངས་ཀྱི་ཟུར་བཀོལ་རྩིས་འགོ་ཨང་ ༡༌༤ ང༽ ནང་གསལ་ཡོང་འཆར་སྒོར་ ༢༦,༦༡༧,༥༠༠ གསལ་བ་རྩིས་ཤོག་ནང་སྔོན་རྩིས་བཀའ་འཁྲོལ་བསྩལ་འདུག་ཀྱང་། གཏོང་ལེན་ཁྲིམས་ཡིག་གི་བསྡོམས་འབོར་ནང་འགོད་རྒྱུ་ལྷག་འདུག་པས་རྩིས་ལོ་ ༢༠༡༨༌༌༡༩ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་གི་བསྡོམས་འབོར་ནང་འགོད་དགོས་རྒྱུ།
༧༽    རྩིས་ལོ་ ༢༠༡༨༌༌༡༩ ལོའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཟུར་བཀོལ་ཨང་ ༡༌༤ ཅ༽ གཏན་ཉིན་སློབ་གྲྭ་ཁག་གི་རྒྱུན་གྲོན། (ཡིག་ཚང་། C.S.T) ཞེས་པར་བཀའ་འཁྲོལ་གཏན་འབེབས་ཁྱོན་སྒོར་ ༤༠༧,༧༥༠,༠༠༠ ཡིན་ནའང་། ཟུར་འཛར་ ༥ པའི་ནང་བཀའ་འཁྲོལ་ཕྱོགས་བསྡོམས་ལག་བྲིས་སྐབས་ཀླད་གོར་གཅིག་ལྷག་མ་ཤོར་ཏེ་ཁྱོན་སྒོར་ས་ཡ་ ༤,༠༧༧,༥༠༠,༠༠༠ བྲིས་འདུག་ཀྱང་ཕྱོགས་བསྡོམས་ལ་འགོད་ནོར་ཤོར་མི་འདུག་པས་དམིགས་བསལ་ནོར་བཅོས་དགོས་པ་མ་མཐོང་ནའང་། མ་འོངས་པར་བཀའ་འཁྲོལ་གཏན་འབེབས་ལག་བྲིས་གནང་སྐབས་འབྲེལ་ཡོད་གོང་འོག་བར་གསུམ་ཚང་མས་ཡིད་གཟབ་ངེས་པར་དུ་གནང་དགོས་རྒྱུ།
༨༽    རྩིས་ལོ་ ༢༠༡༨༌༌༡༩ ལོའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཟུར་བཀོལ་ཁོངས་བར་བརྒལ་བཀའ་འཁྲོལ་གྱི་རྩིས་ཤོག་མང་པོའི་ཨང་གྲངས་ཕན་ཚུན་འཁྲུག་སྟེ་རྩིས་འགོ་སོ་སོར་བསྡོམས་འབོར་བཀོད་པ་དང་གུང་བསྒྲིག་རྒྱུར་དུས་འགོར་མང་པོ་བྱུང་སོང་བ་དང་། མཐར་འབྲེལ་ཡོད་རྩིས་པ་རང་ལ་གུང་བསྒྲིགས་བཅུག་པ་ལྟར་ཕྱོགས་བསྡོམས་ལ་བར་ཁྱད་གང་ཡང་མི་འདུག་པར་ཆ་འཛིན་བྱས་ཡོད། འཁྲུག་གཞི་གཙོ་བོ་ནི་ཟུར་བཀོལ་གྱི་ཟུར་འཛར་ཨང་གསུམ་པ། ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་ཕུལ་ཏེ་སྔོན་རྩིས་ཨ་མའི་ལྷན་ཡོད་པ་དང་། དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་དེབ་ནང་འཁོད་པ་གཉིས་གྱི་རྩིས་འགོའི་ཨང་གྲངས་མ་མཐུན་པ་ཆགས་རྐྱེན་གྱིས་རེད་འདུག མ་འོངས་པར་སྔོན་རྩིས་ཀྱི་རྩིས་ཤོག་དང་། ཟུར་འཛར། རྒྱབ་ལྗོངས་ཡིག་ཆ་ཁག་བཅས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་ཕུལ་ཏེ་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བ་ལ་རྩ་འཛིན་གྱིས་འབྲེལ་ཆགས་གོང་འོག་བར་གསུམ་ཚང་མས་དོ་སྣང་གིས་བར་བརྒལ་བཀའ་འཁྲོལ་གྱི་གོ་རིམ་མ་འཁྲུག་པ་དགོས་རྒྱུ།
༩༽    ལས་ཁུངས་ཁག་ཅིག་གི་རྒྱབ་ལྗོངས་ཡིག་ཆ་ཁ་གསལ་མེད་པ་དང་། རྩིས་ནོར་ཤོར་བ། ལས་བྱེད་ཀྱི་གོ་གནས་འབྲི་ནོར་བྱས་པ་བཅས་རེ་ཟུང་ཞིག་འདུག་པ་རྣམས་ཀྱི་ཤོག་བུ་ཐད་ཀར་བརྗེ་བཅུག་ཡོད་པ་དེས་འཐུས་རྒྱུ་བྱས་ཏེ་སྙན་ཐོའི་ནང་དམིགས་བསལ་འགོད་མ་དགོས་པ་བྱས་ཡོད་པ་བཅས།
          མཐའ་དོན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་བྱས་པའི་བརྒྱུད་རིམ་ཁྲོད་དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་དང་ལས་རོགས་གཉིས་ལན་གྲངས་མང་པོར་ཆེད་འབོད་ལྟར་ཐུགས་ཁུར་ཆེར་བསྐྱེད་ཀྱིས་མཐུན་འགྱུར་གང་ལེགས་གནང་བྱུང་བ་དང་། འབྲེལ་ཡོད་ལས་ཁུངས་སོ་སོའི་དྲུང་ཆེ་དང་རྩིས་པ་གཙོས་པའི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། རྩིས་ལོ་ ༢༠༡༩༌༌༌༢༠ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ ཉིན་ཕུལ་བའོ།། །།

ཚོགས་གཙོ།      སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།
ཚོགས་དྲུང་།      སྤྱི་འཐུས་སྒྲོལ་མ་ཚེ་རིང་།
ཚོགས་མི།        སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན།
ཚོགས་མི།        སྤྱི་འཐུས་མི་འགྱུར་རྡོ་རྗེ།
ཚོགས་མི།        སྤྱི་འཐུས་ཀརྨ་དགེ་ལེགས།

No comments: