Friday, March 22, 2019

གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར།


སྔོན་གླེང་།
༄༅། །ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་འགོ་བཙུགས་མ་ཐག་ནས་རང་དབང་རང་བཙན་ལྡན་པའི་བོད་གངས་ཅན་གྱི་ཞིང་ཁམས་སུ་རིམ་བཞིན་དྲག་པོས་བཙན་འཛུལ་བྱས་ཏེ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་དབང་བསྒྱུར་བྱས་ཡོད། ༢༠༡༩ ལོ་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ ༧༠ དང་། བོད་དུ་དམངས་གཙོ་བཅོས་བསྒྱུར་བྱས་ཏེ་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་བཏང་ནས་ལོ་ ༦༠ ། སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་ལོ་ ༤༠ འཁོར་ཡོད་ཟེར་བ་སོགས་ལོ་གྲངས་སྣ་མང་འཁོར་བའི་དུས་ཚོད་གནད་འགག་ཅན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ནའང་། དུས་ཡུན་དེའི་རིང་གཅིག་སྡུད་དབང་བསྒྱུར་འོག་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད།



༡༩༥༩ ལོར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཁོང་གི་ཕེབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་རང་དབང་མང་གཙོ་ལྡན་པའི་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་གསར་འཛུགས་གནང་སྟེ་མི་ལོ་ ༦༠ རིང་གཞིས་བྱེས་བོད་མི་ཡོངས་ཀྱི་རེ་བའི་མིག་འབུར་གཏོད་ཡུལ་ཞིག་ཏུ་ཆགས་ཡོད།
དགྲ་བོ་རྒྱ་ནག་དམར་གཞུང་གིས་བོད་ལ་དབང་བསྒྱུར་བའི་རིང་བོད་མི་དམར་གསོད་དང་། འཛིན་བཟུང་བཀག་ཉར། བཙོན་འཇུག་གཅར་རྡུང་། འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག ཆོས་དད་རང་དབང་ལ་དམ་དྲག གཏེར་ཁ་བསྔོག་འདོན་གྱིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། སྐད་ཡིག་ཉམས་དམས། འགྲིམ་འགྲུལ་ཚོད་འཛིན། གསར་འགོད་རང་དབང་རྩ་མེད་སོགས་ངན་རྒུ་ཚང་བའི་བྱ་སྤྱོད་རྣམས་གྲོས་ཚོགས་རིམ་པའི་སྐབས་གསལ་འདོན་བྱས་ཟིན་པ་ཁག་བསྐྱར་ཟློས་མི་དགོས་ནའང་། ད་དུང་ཡང་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཡར་རྒྱས་རྩ་བ་ནས་བཏང་མེད་པའི་དཔེ་མཚོན་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་དང་། རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་སྐབས་འཛམ་གླིང་རྒྱལ་ཁབ་བཅུ་གསུམ་གྱིས་གླེང་སློང་དང་སྐྱོན་འདོན། དྲི་བ་སོགས་ལ་རྒྱ་གཞུང་ནས་ལན་ཁ་གསལ་མེད་པ་དང་། རྒྱལ་སྤྱིའི་སྤྱི་སྒེར་ཚོགས་སྡེ་མང་པོས་ ༢༠༡༨ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཁག་ཏུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་སྐོར་གསལ་འདོན་གནང་ཡོད།
དེང་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོས་རྒྱ་ནག་གིས་བོད་ས་བཅད་བགོས་བྱས་པའི་ས་གནས་མང་པོར་ཞི་མཐུན་དཔེ་མཚོན་གྱི་དགོན་སྡེ་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་མཚན་སྙན་ཟེར་བ་སོགས་ཀྱི་གཟེངས་བསྟོད་དང་། དེ་བཞིན་ཆོས་ལུགས་དེ་ཉིད་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་དང་འཚམས་ཐབས་འཚོལ་ཞིབ་བྱེད་པའི་གལ་ཆེའི་ལག་ལེན་ཡོང་ཐབས་ཆེད་ལོ་ ༥ ཡི་འཆར་གཞི་བཀོད་སྒྲིག་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་། རྒྱལ་གཅེས་ཆོས་གཅེས། རྒྱལ་སྐྱོང་དམངས་ཕན་ཟེར་བ་སོགས་མིང་འདོགས་སྣ་ཚོགས་བྱས་པའི་ཚོགས་འདུ་འདྲ་མིན་དང་། ས་གནས་འགའ་ཞིག་ཏུ་དགོན་སྡེར་བོད་ཡིག་ཞོར་ཁྲིད་ཀྱི་འཛིན་གྲྭ་གཉེར་མི་ཆོག་པ། ས་གནས་ཁ་ཤས་སུ་སློབ་གྲྭའི་གུང་གསེང་རིང་དགོན་སྡེར་མཆོད་མཇལ་དུ་འགྲོ་མི་ཆོག་པ། ལྷ་སར་བོད་རིགས་ལས་བྱེད་རྣམས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཏུ་ཞུགས་ཚེ་མི་ཚེ་ཧྲིལ་པོའི་ཐོབ་ཐང་ཡོངས་རྫོགས་འཕྲོག་རྒྱུ། ཡ་ཆེན་སྒར་དུ་ཕྱི་རྒྱལ་བ་དང་བོད་མི་ལ་དམིགས་བསལ་ཞིབ་བཤེར། གསེར་རྟ་བླ་རུང་སྒར་དུ་ལོ་བསྟུད་མར་བདེ་ཆེན་ཞིང་སྒྲུབ་ཚོགས་མི་ཆོག་པ་བཟོས་པ། རྒྱ་གར་དང་བལ་ཡུལ་དུ་གནས་སྐོར་ཡོང་མཁན་རྣམས་དུས་མིན་བཙན་འགུག་དང་ལག་འཁྱེར་འཕྲོག་བཅོམ། བོད་མི་བོད་སར་ཆོས་ཀྱི་སློབ་གཉེར་དང་གནས་སྐོར་མཆོད་མཇལ་འགྲོ་མཁན་ཡོངས་ལ་རྒྱུན་དུ་བཀག་སྡོམ་དང་བཙན་ཤེད་སོགས་བྱས་པར་བརྟེན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་གཙོས་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་མང་པོའི་ནང་རྒྱ་ནག་གིས་བོད་ནང་ཆོས་དད་རང་དབང་སྐོར་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་གནས་གསལ་ཡོད།
རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དང་མཐུན་པར་བོད་ཀྱི་སྐད་ཡིག་ལ་རྒྱ་གཞུང་ནས་ལག་བསྟར་དགོས་གནས་རེ་ཞུ་བྱེད་མཁན་བོད་ཀྱི་སྐད་ཡིག་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་ནག་མེད་ཉེས་འགེལ་གྱིས་ཁྲིམས་ཐག་བཅད་པ་མ་ཟད། ཁོང་གི་ཁྲིམས་རྩོད་པ་དང་ཐུག་འཕྲད་ཙམ་ཡང་བྱ་མ་བཅུག་པ་ནི་མི་སྤྱོད་ལས་འདས་པའི་བྱེད་ཕྱོགས་ཤིག་ཆགས་ཡོད་པ་ལྟར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། མི་སྒེར་བཅས་ནས་སྐྱོན་བརྗོད་དང་རེ་སྐུལ་ཤུགས་ཆེ་ཞུ་བཞིན་ཡོད་ནའང། རྒྱ་གཞུང་གིས་བདག་སྤྲོད་ཙམ་ཡང་མ་བྱས་ཁར་བོད་ནང་སྐད་ཡིག་རང་དབང་སྐོར་སྔར་བཞིན་མུ་མཐུད་ཛ་དྲག་ངང་གནས་ཡོད།
རང་དབང་མང་གཙོའི་རྒྱལ་ཁབ་རྣམས་སུ་གསར་འགོད་རང་དབང་ནི་མང་གཙོའི་ཀ་བ་བཞི་པར་བརྩི་བཞིན་ཡོད་ནའང་། རྒྱ་ནག་གཅིག་སྡུད་དབང་འཛིན་པས་དེ་ལྟར་བརྩི་རྒྱུ་ལྟ་ཅི། རྒྱུན་དུ་ཅི་མཛད་ལེགས་མཐོང་དང་། ཅི་གསུང་བཀའ་སྒྲུབ་ཁོ་ན་བརྒྱུད་འགོད་བྱ་ཡུལ་གཞུང་འབྲེལ་གསར་ཁང་ཁག་ལས་རང་དབང་ཅན་གྱི་གསར་འགྱུར་སྡེ་ཚན་གཅིག་ཀྱང་འཛུགས་འཇུག་གི་མེད་པ་དང་། ཕྱི་རྒྱལ་རང་དབང་ལུང་པའི་གསར་འགོད་པ་རྒྱ་ནག་ཏུ་རྟེན་གཞི་བྱས་པ་རྣམས་ལ་གནོན་ཤུགས་དང་སུན་གཙེར་ཚད་མེད་བཟོས་ཏེ། རྒྱ་ནག་རྒྱལ་ཡོངས་དང་དམིགས་བསལ་བོད་ནང་གི་ཛ་དྲག་གནས་ཚུལ་རྣམས་འགོད་ཐུབ་རྒྱུར་ཤིན་ཏུ་དཀའ་ངལ་འཕྲད་བཞིན་ཡོད། ཉེ་ཆར་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་རྟོག་ཞིབ་སྙན་ཐོ། རྒྱ་ནག་གི་ལྟ་སྲུང་ནན་པོའི་འོག་ནས་གསར་འགྱུར་སྤེལ་ཐབས་ཞེས་པའི་ནང་། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་རྒྱུ་དེ་ལོ་རེ་བཞིན་ཤུགས་ཆེ་རུ་ཕྱིན་ཡོད་སྐོར་དང་། དམིགས་བསལ་བོད་དང་ཡུ་གུར་ལྟ་བུ་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་པོ་ཡོད་སར་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་ཟེར་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་ར་འཕྲོད་ཡོད་སྐོར་གསལ་འདུག་པ་སོགས་ལས་ཤེས་ཐུབ།
རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་བཟུང་སྟེ་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་གཏེར་ཁ་སྔོག་འདོན་དང་། གློག་ཁང་འཛུགས་སྐྲུན། ཆུ་བོ་བཀག་བསྐྱིལ། གཙང་པོ་ཁ་བསྒྱུར། འབྲོག་པ་གནས་སྤོས། ལྕགས་ལམ་གསར་རྒྱག་སོགས་ཀྱིས་ཆེས་མཛེས་སྡུག་ལྡན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་བའི་རྐྱེན་གྱིས་དུས་མིན་འབྱུང་བའི་རྐྱེན་ངན་སྣ་ཚོགས་འཕྲད་དེ་བོད་ཙམ་མ་ཟད། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་གོད་ཆག་སྣ་ཚོགས་ནང་ལྷུང་ཡོད་པ་དང་། འདས་ལོའི་ནང་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ས་རུད་ཀྱིས་གཙང་པོའི་བཞུར་རྒྱུན་འགག་པ་དང་། དམིགས་བསལ་འབྲི་ཆུའི་རྒྱུད་དུ་གནས་པའི་འཇོ་མདའ་སྤོ་ལོའི་ཡུལ་དགོན་ཆུར་ནུབ་སྟེ་གོད་ཆག་ཚབས་ཆེན་ཕོག་པ་རྣམས་ཀྱང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་ངན་འབྲས་ཡིན་པ་རྒྱལ་སྤྱིའི་ཁོར་ཡུག་ཆེད་མཁས་པ་མང་པོས་གསུངས་ཡོད། ད་དུང་ཡང་རྒྱ་གཞུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཆུ་འདྲེན་བཟོ་སྐྲུན་གྱི་གལ་ཆེའི་དགོངས་དོན་འོག་རྨ་ཆུའི་ཆུ་སྣ་ཟི་ལིང་དུ་འཁྲིད་འཆར་དང་། རྨ་འབྲི་རྫ་གསུམ་གྱི་གཙང་གསུམ་ཆུ་འགོར་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་འཆར། ཁྲིན་ཏུའུ་ནས་ལྷ་ས་བར་དང་། སྐྱིད་གྲོང་ནས་བལ་ཡུལ་བར་མེ་འཁོར་ལྕགས་ལམ་གསར་སྐྲུན་བྱ་འཆར་སོགས་དང་། གནམ་ཐང་མང་པོ་ཞིག་དམག་སར་སྒྱུར་བཞིན་པ། ཁམས་ཁུལ་གྱི་ཡུལ་མི་མང་པོ་ལྷ་ས་དང་ཀོང་པོ་སོགས་སུ་གནས་སྤོས་བྱས་དང་བྱེད་བཞིན་པ་སོགས་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་སྲིད་པ་བཅས་བོད་ནང་གི་ཁོར་ཡུག་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད།
འདས་ལོའི་ནང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཟེར་བས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱ་རྒྱུའི་བརྡ་ཁྱབ་ཟེར་བ་དོན་ཚན་ཉེར་གཉིས་ཅན་ཞིག་བཏང་བ་དང་། བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་མིན་པར་བོད་ས་གཞན་དག་རྣམས་ལའང་དེ་ལྟར་བཏང་ཡོད་པ་མ་ཟད། ལྐོག་བཟའ་རུལ་སུངས་ལ་འགོག་རྒོལ་ཟེར་བ་སོགས་མིང་འདོགས་སྣ་ཚོགས་བཏགས་ནའང་གཙོ་བོ་བོད་མི་རྣམས་ལ་ཁ་བྲལ་རིང་ལུགས་ཟེར་བའི་ནག་ཉེས་གཡོག་ཐབས་ཀྱི་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད། ཉེ་སྔོན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བའི་ཐོག་མི་དམངས་ཁྲིམས་ཁང་གིས་བོད་མི་ ༢༥ ལ་ཁ་བྲལ་བའི་ཉེས་མིང་ཐོག་ཁྲིམས་ཐག་བཅད་ཡོད་གནས་བསྒྲགས་ཡོད་པ་དང་། ཚོགས་འདུ་དེའི་ནང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོ་དང་ལྡོག་མེད་ཀྱི་ལས་འགན་ལ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དར་ཆ་གསལ་སྟོན་གྱིས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་ལྟེ་བའི་ཁེ་ཕན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས་ཟེར་བ་སོགས་ཐག་བཅད་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་གཉིས་མ་ཚོགས་གོང་། བོད་ལྗོངས་ཉིན་རེའི་ཚགས་པར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་ངོ་བོ་གསལ་པོར་ཤེས་པར་བྱེད་དགོས་ཟེར་བ་སོགས་མི་ལོ་བཅུ་ཕྲག་གོང་གི་འཆལ་གཏམ་རྣམས་རིམ་བཞིན་བསྐྱར་འགོད་བྱས་ཏེ་གཞིས་བྱེས་བོད་མིའི་སེམས་ཁམས་ལ་སླར་ཡང་ཕོག་ཐུག་ཚབས་ཆེན་བཏང་ཡོད་པ་མ་ཟད། ཟླ་འདིའི་ཟླ་འགོར་རྒྱ་ནག་གི་ཚོགས་ཆེན་གཉིས་ཟེར་བ་པེ་ཅིང་དུ་ཚོགས་སྐབས་དང་བསྟུན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་འགོ་ཁྲིད་ཝུའུ་དབྱིང་ཅེས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་ཏཱ་ལ་ཕྱི་རྒྱལ་དུ་ངོ་ལོག་བྲོས་བྱོལ་དུ་ཕྱིན་པའི་རྗེས་ནས་ད་བར་བོད་མི་དམངས་ལ་ཕན་པའི་ལས་ཀ་སྣེ་གཅིག་བྱས་ཡོད་མ་རེད། ཟེར་བ་སོགས་མི་བདེན་རྫུན་སྒྲིག་སྣ་ཚོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐུར་འདེབས་བསམ་ཡུལ་ལས་འདས་པ་བྱས་ཡོད་པ་དང་། དེ་རྗེས་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཏུའང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ།ཟེར་བ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྙོན་འཛུགས་ཀྱི་རྩོམ་ཡིག་མུ་མཐུད་སྤེལ་བ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པའི་གཡས་གཡོན་དུ་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་བརྟན་ལྷིང་སྲུང་སྐྱོང་ཟེར་བ་སོགས་མངོན་གྱུར་དང་མངོན་མིན་གྱི་དམ་དྲག་ཤུགས་ཆེ་བྱས་པ། དེ་བས་ཀྱང་ཧམ་སེམས་ཆེ་བ་ཞིག་ལ་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུན་དྲན་ཐེངས་ ༦༠ པར་ཆེད་ཕེབས་གནང་མཁན་རྒྱལ་སྤྱིའི་གནད་ཡོད་མི་སྣ་རྣམས་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པ་སོགས་གཞིས་བྱེས་བོད་མི་རྣམས་རྒྱ་ནག་གུང་ཁྲན་གཞུང་ལ་ཞེན་པ་ལོག་ཏུ་བཅུག་བཞིན་ཡོད།
མདོར་ན། རྒྱ་གཞུང་གིས་བོད་མིར་དྲག་གནོན་གདུག་རྩུབ་རྒྱུན་མ་ཆད་པ་བཏང་དང་གཏོང་བཞིན་པར་བརྟེན། བོད་ཀྱི་མི་རབས་བཞི་ཙམ་རིང་ཞི་རྒོལ་རྒྱུན་ཆད་མྱོང་མེད་པ་དང་། དམིགས་བསལ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་མི་ལོ་ ༡༠ ཧྲིལ་པོ་འཁོར་ཟིན་ཡོད་ནའང་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་དགོས་འདུན་ལ་བདག་སྤྲོད་བྱས་མེད། ཉེ་སྔོན་རྡོ་པོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གནང་བ་དང་། གཞན་པའི་གཞོན་སྐྱེས་ཤིག་གིས་རང་ལུས་མེར་བསྲེགས་བཏང་གནས་བརྒྱུད་ལམ་ཁ་ཤས་ནང་ཐོན་ཡོད་ཀྱང་ས་གནས་སུ་དམ་དྲག་དབང་གིས་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་མེད། ད་དུང་ཡང་བོད་མི་མང་པོས་ཞི་རྒོལ་སྣ་ཚོགས་གནང་བཞིན་བཞིན་པ་རྣམས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་དང་། ས་བྱི་ཞི་རྒོལ་ཆེན་མོའི་སྔ་རྗེས་ནས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་མང་པོ་ཞིག་རྒྱའི་བཙོན་འོག་ཏུ་མུ་མཐུད་སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད་པ། རེ་ཟུང་བཙོན་གྲོལ་བཏང་བ་རྣམས་ཀྱང་གཟུགས་ཁམས་བདེ་ཐང་མེད་པ་བཟོས་པ་སོགས་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྔར་བཞིན་ལྷག་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་གཞོན་པ་མཆོག་གིས་དབུས་པའི་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་པོས་བོད་དོན་གླེང་སློང་དང། རྒྱ་གར་དང་ཉི་འོང་། ཅེག་གཙོས་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་དང་། གཞན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག མི་སྒེར་བཅས་ནས་བོད་དོན་སྐོར་ལ་དོ་སྣང་དང་འགན་ཁུར། དམིགས་བསལ་ཨ་རིའི་གཞུང་ནས་བོད་ནང་འགྲོ་འོང་ཆོག་པའི་ཁྲིམས་ལུགས་ཆ་རྐྱེན་གཏན་ལ་ཕབ་གནང་བ་སོགས་ཕྱོགས་ཡོངས་ནས་བོད་དོན་སྐོར་ལ་ཐུགས་ཁུར་ཆེ་བཞེས་གནང་བཞིན་ཡོད་ནའང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་སྤུ་ཙམ་མ་བཏང་གཞིས་བཞུགས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་ཁྲོད་མུ་མཐུད་ཛ་དྲག་གི་གནས་བབ་འོག་ལྷུང་བཞིན་ཡོད་པར་བརྟེན་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་དགོས་རྒྱུ་གལ་ཆེར་མཐོང་།



གྲོས་ཆོད།
༡༽    འདས་པའི་མི་ལོ་ ༧༠ ཙམ་གྱི་རིང་རྒྱ་ནག་དམར་གཞུང་གིས་བཙན་འཛུལ་དྲག་གནོན་གདུག་རྩུབ་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་གིས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱ་ནག་གཞུང་གིས་གློད་བཀྲོལ་གྱིས་དེ་དག་གི་ཚེ་སྲོག་ལ་འགན་ཁུར་དགོས་པ་མ་ཟད། བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་བཅུག་དགོས་པ་ནན་བཤད་བྱ་རྒྱུ།
༢༽    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་དགོངས་གཞི་བོད་རྒྱ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་གྲོས་མོལ་གྱིས་འགྲིག་འཇགས་དགོས་པ་ལས། བོད་མི་རིགས་ཀྱི་སེམས་ཁམས་ལ་གནོད་གཞིའི་མཚན་སྨད་སྐུར་འདེབས་ཁོ་ནས་མེས་རྒྱལ་གཅིག་གྱུར་ཟེར་བ་ལས་ལྡོག་སྟེ་ཁ་བྲལ་རིང་ལུགས་པ་ངོ་མ་དེ་རྒྱ་ཡི་དབང་འཛིན་པ་ཁྱེད་རང་ཚོ་ཆགས་བཞིན་ཡོད་པ་གོ་བརྡ་ཁ་གསལ་སྤྲོད་རྒྱུ།
༣༽   རྒྱ་གཞུང་གིས་མི་ལོ་ ༦༠ རིང་བོད་དུ་ཁྲ་ཁྲ་ཟིང་ཟིང་གི་དཔལ་འབྱོར་ཡར་རྒྱས་ཕྲན་བུ་བཏང་ཡོད་ནའང་། དེ་དག་གི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཡི་མི་འབོར་སྤོ་བཤུག་ཀྱིས་བོད་སར་གཏན་སྡོད་ཆེད་མཐུན་རྐྱེན་བསྐྲུན་པ་ལས། བོད་མིའི་འགྲོ་བ་མི་ཡི་ཐོབ་ཐང་བརྡལ་བཤིག་དང་། ཆོས་དད་རང་དབང་བཙན་འཕྲོག སྐད་ཡིག་ཉམས་དམས། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། ཕ་ཚེ་བུ་རབས་རིང་དྲག་གནོན་དང་དམར་གསོད་བྱས་པ་སོགས་ཀྱི་གུན་གསབ་ཟུར་ཙམ་ཡང་ཆགས་ཀྱི་མེད་པ་ཡང་རྒྱ་ནག་དབང་འཛིན་པ་ཚོས་ཤེས་དགོས་རྒྱུ།
༤༽   རྒྱ་གཞུང་གི་དཔོན་རིགས་ཚོས་གཡས་ཁག་གཡོན་དཀྲི་མི་བྱེད་པར་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་གཞིས་བཞུགས་བོད་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་འདུན་དང་། དགའ་མོས་ཇི་ཙམ་ཡོད་མེད་རྟོག་ཞིབ་ཆེད་གཟུ་བོར་གནས་པའི་རྒྱལ་སྤྱིའི་གསར་འགོད་པའམ། རྟོག་ཞིབ་མི་སྣ་གཏོང་ཕོད་པའི་གདེང་སྤོབས་ཡོད་དགོས་པ་དྲན་གསོ་བྱ་རྒྱུ།
༥༽   འདས་པའི་མི་ལོ་ ༦༠ རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་བླ་མེད་དུ་བསྐྱངས་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ནང་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས། གནད་ཡོད་མི་སྣ། མི་སྒེར་བཅས་དང་། ལྷག་པར་དུ་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་དང་འབྲེལ་བའི་ཁྲིམས་དང་། གྲོས་ཆོད་རིམ་པ་གཏན་འབེབས་ཀྱིས་གཞིས་བྱེས་བོད་མི་རྣམས་ལ་མགོན་དཔུང་དང་འཐབ་གྲོགས་མཛད་མཁན་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞུ་རྒྱུ།
༦༽   རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཙམ་དུ་མ་ཟད། མི་རིགས་མང་པོར་དབང་བསྒྱུར་བའི་ཁོངས་དེང་སྐབས་ཤར་ཏུར་ཀི་སི་ཐན་ནང་ཆེས་དམ་དྲག་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་དང་། དྲག་གནོན་དེ་རིགས་མཚམས་འཇོག་དགོས་པའི་སྐུལ་མ་ཞུ་རྒྱུ།
༧༽   འདས་པའི་མི་ལོ་ ༧༠ ཙམ་གྱི་རིང་གཞིས་བཞུགས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཁྲོད་གནས་བཞིན་ཡོད་ནའང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་། ཆོད་སེམས། ལ་རྒྱ་སོགས་འགྱུར་བ་མེད་པའི་རང་བཞིན་ལ་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་མིག་དཔེ་བླངས་ཏེ། གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་ཤར་དུས་གཞིས་བཞུགས་བོད་མི་རྣམས་ལ་ལེགས་སྐྱེས་ཤིག་འབུལ་དགོས་པ་ལས་གཞིས་བཞུགས་བོད་མི་རྣམས་བློ་ཕམ་དང་སེམས་ཤུགས་ཆག་གཞི་ནམ་ཡང་མི་འབྱུང་བའི་ཁས་ལེན་བྱ་རྒྱུ་བཅས་ཀྱི་མང་མོས་སམ་སྤྱི་མོས་གྲོས་ཆོད་དུ།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༠ ལ།།

No comments: